ཧེལ་མུཊ་ཀོལ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པ།

2017-06-18
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་སྩལ་བ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་སྩལ་བ།
ཨེ་ཨེཕ་པི།

༄༅༎འཇར་མན་དབུ་ཁྲིད་ཟུར་པ་སྐུ་ཞབས་ཧེལ་མུཊ་ཀོལ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་ཁོང་གི་སྐུ་ཟླ་Maike Kohl-Richter དང་རྗེས་ཤུལ་ནང་མི་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་དམ་པ་ཁོང་ནི་ཕུགས་རྒྱང་རིང་པོར་དགོངས་བཞེས་གནང་ཐུབ་མཁན་གྱི་དབུ་ཁྲིད་མཁས་མཛངས་ལྡན་པ་ཞིག་ཡིན་ཞིང་།
འཛམ་གླིང་དམག་ཆེན་གཉིས་པའི་རྗེས་གྲང་དམག་རིམ་བཞིན་མཇུག་སྒྲིལ་ནས་འཇར་མེ་ནི་ཤར་ནུབ་གཉིས་རྒྱལ་ཁབ་གཅིག་ཏུ་ཟླ་སྒྲིལ་ཐུབ་པའི་རེ་བ་ཡོད་པ་དང་།  དུས་སྐབས་དེའི་རིང་དམ་པ་ཁོང་གིས་ཆོད་སེམས་བརྟན་པོས་ཡུལ་དེའི་སྲིད་འཛིན་ཐོག་ལས་དོན་གང་ཅིར་བབས་ལྷིང་བརྟན་གསུམ་ཐོག་ནས་དབུ་ཁྲིད་རྒྱུན་སྐྱོང་གནང་བ་དེར་ངོས་ཀྱིས་ཡི་རངས་བསྔགས་བརྗོད་ཧ་ཅང་ཞུ་བཞིན་ཡོད་ཅེས་གསུངས་བཞག
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུངས་འཕྲིན་དེའི་ནང་དམ་པ་ཁོང་ལྟར་ངོས་རང་ཉིད་ཀྱང་སྤྱིའི་ཁེ་ཕན་ཆེད་རྒྱལ་ཁབ་སྒེར་གྱི་ཁེ་ཕན་བློས་གཏོང་བྱ་རྒྱུའི་ཀུན་སློང་འོག་བཙུགས་པའི་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལ་བསྔགས་བརྗོད་ཞུ་མཁན་ཞིག་ཡིན།  སྒྲིག་འཛུགས་དེས་འདས་པའི་མི་ལོ་ ༦༠ ལྷག་རིང་ཞི་བདེ་དང་འཆམ་མཐུན་གྱི་ཁོར་ཡུག་འོག་ཡུ་རོབ་ཁྱོན་དུ་ཡར་རྒྱས་ཧ་ཅང་བཏང་ཐུབ་ཡོད།
དེར་བརྟེན་ང་ཚོས་དམ་པ་ཁོང་ལྟ་བུ་རླབས་ཆེན་དབུ་ཁྲིད་རྣམས་ལ་ཆེ་བསྟོད་ཞུ་རྒྱུའི་ཐབས་ལམ་ཡག་ཤོས་ནི།  ཁོང་གི་ཐུགས་ཀྱི་འཆར་སྣང་དེ་དག་བསྒྲུབ་ཐུབ་པ་བྱ་རྒྱུ་དང་། མ་འོངས་མི་རབས་གསར་པ་རྣམས་ལ་སྙིང་སྟོབས་སྤེལ་ནས་ཆིག་སྒྲིལ་དང་སྟོབས་ཤུགས་ཀྱི་མཚོན་རྟགས་སུ་གྱུར་བ་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་མི་ཉམས་རྒྱུན་གནས་ཡོང་ཐབས་བྱ་རྒྱུ་དེ་ཡིན། ཞེས་གསུངས་བཞག དགུངས་ལོ་༨༧ལ་ཕེབས་པ་འཇར་མན་དབུ་ཁྲིད་ཟུར་པ་སྐུ་ཞབས་ཧེལ་མུཊ་ཀོལ་མཆོག་ཕྱི་ཟླ་༦ཚེས་༡༦ཉིན་དགོངས་པ་རྫོགས་ཡོད་པ་རེད།།
གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།