༄༅༎སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་དྲུག་པའི་ཚེས་༡༤ རེས་གཟའ་ཕུར་བུའི་ཉིན་དབྱིན་ཡུལ་དུ་ཞབས་སོར་བདེ་བར་འཁོད་ཡོད་པའི་སྐོར་དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག
ཕྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཇིའི་གྲོང་ཁྱེར་མན་ཆེ་སི་ཊར་དུ་ཕྱི་ཚེས་༡༦ ནས་དངོས་སུ་མཛད་འཆར་དབུ་ཚུཌ་གནང་སྟེ། ཉིན་གྲངས་༡༥ དབྱིན་ཡུལ་དུ་ཞུགས་རྒྱུན་རིང་གི་མཛད་འཆར་སྙིང་བསྡུས་ཤིག་བཀོད་པའི་ནང༌། ་ཉིན་དང་པོའི་མཛད་འཆར་ནང་དུ་མོན་ཆེ་སི་ཊར་གཞོན་སྐྱེས་ཚོས་འགན་འཁུར་བླངས་ཏེ་རང་ཉིད་བསྒྱུར་བཅོས་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་མ་ཟད། མུ་མཐུད་ནས་གྲོང་ཁྱེར་མོན་ཆེ་སེ་ཊའི་རྩེད་ཐང་ཆེན་མོའི་ནང་གསུང་བཤད་སྩལ་རྒྱུ་དང༌། གྲོང་ཁྱེར་དེའི་ནང་དུ་རོ་ཡལ་ཨེལ་སྦཏ་ཚོགས་ཆེན་ཐོག་དོན་དམ་གྱི་འགྱུར་བ་ནི་ནང་སེམས་རྒྱུད་ནས་བྱུང་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྕལ་རྒྱུ་ཡིན་ཞིང༌། དེ་ནས་་ཕྱི་ཚེས་༢༢ ནས་དབྱིན་ཇིའི་མངའ་འོག་ཏུ་ཡོད་པའི་སི་ཀོཏ་ལེནདྲ་དུ་མཛད་འཆར་དབུ་ཚུགས་ཀྱིས། ཆོས་ལུགས་དང་མ་འདྲེས་པའི་འཛམ་གླིང་ཀུན་ལ་སྨན་པའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ནང་སེམས་ཀྱི་ཤེས་ཡོན། སོ་སོའི་སེམས་རྒྱུད་བཅོས་དགོས་ཞེས་པ། ད་དུང་དགེ་བཤེས་གླང་རི་ཐར་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་དང། དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པ་བཅས་བཀའ་ཁྲིད་སྩལ་རྒྱུ་སོགས་ཀྱི་མཛད་འཆར་དང༌། དེ་ནས་ཨི་ཊ་ལི་དུ་ཆིབས་བསྒྱུར་གྱིས། ཕྱི་ཟླ་དྲུག་པའི་ཚེས་༢༧ ཉིན་ཨི་ཊ་ལི་གྲོང་ཁྱེར་མི་ལོ་ནོར། རྗེ་ཙོང་ཁ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་ཀྱི་བཀའ་ཁྲིད། ཕྱི་ཚེས་༢༨ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་དང༌། མི་དམངས་ལ་ཆོས་ལུགས་དང་མ་འདྲེས་པའི་བདེ་སྐྱིད་སྐྲུན་ཐབས་སྐོར་བཀའ་སློབ་སྕལ་རྒྱུ་སོགས། ཆོས་ལུགས་ཁག་གི་དབུ་ཁྲིད་དང་མཇལ་འཕྲད་གནང་རྒྱུ། ཆོས་འབྲེལ་དང༌། ཚོང་ལས་སྡེ་ཚོགས་ལ་བཀའ་སློབ་སྩལ་རྒྱུ། གྲོས་ཚོགས་ཀྱི་འཐུས་མི་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཡོད་པ་རེད།