རྒྱ་གར་དང་པ་ཀིསྟན་ས་མཚམས་སུ་མེ་འཕེན་གྱི་དོན་རྐྱེན།

ཡུལ་གཉིས་ཀྱི་ས་མཚམས་དམག་དཔུང་དབར་མེ་འཕེན་གྱི་དོན་རྐྱེན་བྱུང་སྟེ་དམག་མི་ཤི་རྨས་བྱུང་བའི་གནས་ཚུལ།
2013-01-06
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎རྒྱ་གར་དང་པ་ཀིསྟན་ས་མཚམས་དམག་དཔུང་དབར་ལ་ས་ཆའི་བདག་དབང་གི་རྩོད་གཞི་ཡོད་པའི་ཀཤ་མིར་ས་ཁུལ་གྱི་ས་མཚམས་ཐོག་མེ་འཕེན་གྱི་དོན་རྐྱེན་བྱུང་སྟེ་དམག་མི་ཤི་རྨས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།
དེ་རིང་པ་ཀིསྟན་ཕྱོགས་ནས་གསུངས་པར། རྒྱ་གར་གྱི་ས་མཚམས་དམག་མིས་པ་ཀིསྟན་གྱི་བདག་དབང་འོག་ཡོད་པའི་ཀཤ་མིར་ས་ཁོངས་ཀྱི་དམག་མིའི་ས་ཚིགས་སུ་རྒོལ་རྡུང་བཏང་སྟེ། དམག་མི་གཅིག་རྐྱེན་ལམ་དུ་ཕྱིན་པ་དང་གཅིག་ལ་ཚབས་ཆེའི་རྨས་སྐྱོན་བྱུང་བའི་སྐོར་གསུངས་ཡོད་པ་རེད། འོན་ཀྱང་རྒྱ་གར་གྱི་དམག་མིའི་མགྲིན་ཚབ་པས། རྒྱ་གར་དམག་མིས་མེ་འཕེན་བྱས་པའི་གནད་དོན་ནི། སྤྱི་ལོ་༢༠༠༣ གྱི་ལོ་མཇུག་ནས་ཀཤ་མིར་ས་མཚམས་ཐོག་ཕྱོགས་གཉིས་བར་དུ་མེ་འཕེན་མཚམས་འཇོགས་བྱས་པ་དེ། པ་ཀིསྟན་ས་མཚམས་དམག་མིས་ཁྲིམས་འགལ་གྱིས་འགལ་འཛོལ་བྱས་པར་ལན་སློག་པ་ཞིག་ཡིན་པ་དང༌། འོན་ཀྱང་ཁོང་ཚོའི་དམག་དཔུང་གིས་པ་ཀིསྟན་མངའ་འོག་ཏུ་ཡོད་པའི་ཀཤ་མིར་ས་ཁུལ་གྱི་ས་མཚམས་ནས་བརྒལ་མེད་པ་དང་ཁོང་ཚོའི་དམག་མི་ཤི་རྨས་བྱུང་མེད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། ཀཤ་མིར་ས་ཆ་དེ་ནི་ཕྱོགས་གཅིག་རྒྱ་གར་གྱི་མངའ་འོག་དང༌། ཕྱོགས་གཅིག་པ་ཀིསྟན་མངའ་འོག་ཏུ་གནས་ཏེ་རྒྱལ་ཁབ་གཉིས་པོ་སོ་སོའི་ངོས་ནས་ས་ཆ་ཡོངས་རྫོགས་བདག་དབང་ཡོད་པའི་རྩོད་ལེན་བྱས་ཏེ་ཕྱོགས་གཉིས་པོའི་ས་མཚམས་ཐོག་ལ་སོ་སོའི་སྲུང་སྐྱོབ་དམག་དཔུང་འགྲེམས་འཇོགས་བྱས་ཡོད་པ་མ་ཟད། དམག་དཔུང་ཕན་ཚུན་མེ་འཕེན་གྱི་དོན་རྐྱེན་ཡང་སེ་ཡོང་བ་དང༌། ཕྱོགས་ཕན་ཚུན་གྱི་མེ་འཕེན་ནང་མི་བསད་པའི་དོན་རྐྱེན་ཡང་སེ་ཡོང་གི་མེད་ནའང་ད་རེས་ཀྱི་དོན་རྐྱེན་ནང་པ་ཀིསྟན་གྱི་དམག་མི་ཤི་རྨས་བྱུང་བའི་གནས་ཚུལ་ཐོན་ཡོད་པ་རེད།།