རྒྱ་ནག་གིས་ས་མཚམས་འཁོན་རྩོད་མ་བཟོད་པའི་རྣམ་འགྱུར་བསྟན་འདུག

2017-08-10
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རྒྱ་གར་དང་རྒྱ་ནག་གི་ས་མཚམས་མཐའ་སྲུང་དམག་མི།
རྒྱ་གར་དང་རྒྱ་ནག་གི་ས་མཚམས་མཐའ་སྲུང་དམག་མི།
AFP

འབྲོག་ལམ་ས་ཁུལ་ཐོག་གི་འཁོན་རྩོད་ལ་མི་བཟོད་པར་རྒྱ་ནག་གི་དམག་དོན་དབྱེ་ཞིབ་པ་ཚོས་འབྲས་ལྗོངས་མངའ་ཁུལ་གྱི་ས་མཚམས་ཐད་རྒྱ་གར་དང་རྒྱ་ནག་གཉིས་དབར་གྲོས་མཐུན་གསར་པ་ཞིག་གི་ཐོག་མིང་རྟགས་བཀོད་དེ་དེ་སྔ་༡༨༩༠་ལོར་དབྱིན་ཇི་དང་རྒྱ་ནག་གཉིས་དབར་བཞག་པའི་ཆིངས་ཡིག་རྙིང་པར་བརྗེ་བསྒྱུར་བཏང་ནས་ད་ལྟའི་དུས་ཚོད་དང་འཚམ་པ་བཟོ་དགོས་རྒྱུའི་བསམ་ཚུལ་བརྗོད་འདུག
དེ་ཡང་རྒྱ་ནག་དང་ཨ་མི་རི་ཀའི་རྒྱལ་སྲུང་འབྲེལ་ལམ་ཐོག་དམག་དོན་ཚན་རིག་ཞིབ་འཇུག་ལྟེ་གནས་ཁང་གི་ངེས་སྟོན་པ་(Colonel Zhao Xiaozhou)ཡིས། ཁ་སང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འབྱོར་བའི་རྒྱ་གར་གྱི་གསར་འགོད་པའི་ཚོགས་ཆུང་ལ་བརྗོད་དོན་ལྟར་ན། ༡༨༩༠ལོར་དབྱིན་ཡུལ་དང་རྒྱ་ནག་དབར་མིང་རྟགས་བཀོད་པའི་ཆིངས་ཡིག་དེ་ནི་དུས་ཚོད་ཡོལ་ཟིན་པ་ཞིག་ཡིན་སྟབས། ད་ཆ་རྒྱ་ནག་གིས་རྒྱ་གར་མཉམ་ཆིངས་ཡིག་གསར་པ་ཞིག་བཞག་འདོད་ཡོད་སྐོར་བརྗོད་དེ་སྐབས་དེ་དུས་རྒྱ་ནག་དེ་བཞིན་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཆགས་མེད་པ་དང། ༡༩༤༧ལོར་རྒྱ་གར་དབྱིན་ཇིའི་མངའ་འོག་ནས་རང་བཙན་ཐོབ་ཡོད་དུས་རྒྱ་གར་དང་རྒྱ་ནག་གཉིས་དབར་ས་མཚམས་དང་འབྲེལ་བའི་ཆིངས་ཡིག་ཐོག་གི་ས་རྟགས་ལ་འགྱུར་བ་གཏོང་དགོས་ཀྱི་རེད། རྒྱ་གར་དང་རྒྱ་ནག་གཉིས་དབར་གྱི་ཤར་ཕྱོགས་དང་དབུས། ནུབ་ཕྱོགས་ས་མཚམས་བཅས་སུ་ས་ཁུལ་མང་པོ་ཞིག་གི་ཐོག་རྒྱ་དཀར་ནག་གཉིས་དབར་རྩོད་གཞི་ཡོད་པ་དེ་ཚོ་གང་མགྱོགས་སེལ་ཐབས་སུ་ས་མཚམས་ཐོག་གི་གྲོས་མཐུན་གསར་པ་འཇོག་རྒྱུ་ཤིན་ཏུ་ནས་གལ་ཆེ་ཆགས་འདུག་ཅེས་བརྗོད་འདུག
དེ་མཚུངས་རྒྱ་ནག་ཕྱི་སྲིད་ལྷན་ཁང་ནས་ཀྱང་ཉེ་ལམ་ཕྱི་ཟླ་ ༨ ཚེས་༢་ཉིན་འབྲོག་ལམ་ས་གནས་ཐོག་ཐག་གཅོད་མ་བྱུང་བའི་སྐོར་གྱི་ཡིག་ཆ་འགྲེམས་སྤེལ་བྱས་པའི་ནང་། འབྲས་ལྗོངས་དང་འབྲེལ་བའི་ས་མཚམས་རྩོད་གཞི་དེ་གང་མགྱོགས་སེལ་ཐབས་བྱ་རྒྱུའི་རེ་བ་རྒྱ་ནག་གིས་བྱེད་བཞིན་ཡོད་པ་གསལ་བཏོན་བྱས་ཡོད་པ་རེད།
རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་འདི་ལོ་ཕྱི་ཟླ་༦པའི་ཚེས་༣༠་ཉིན་འབྲོག་ལམ་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྤེལ་གནང་ཡོད་པ་དེའི་ནང་། འབྲས་ལྗོངས་ཁུལ་གྱི་ས་མཚམས་ཐད་རྒྱ་དཀར་ནག་གཉིས་དབར་༢༠༡༢་ལོར་གྲོས་མཐུན་བཞག་ཟིན་པ་དང་། ས་མཚམས་ཐོག་གི་མཐའ་མའི་ཐག་གཅོད་ཡོང་ཐབས་སུ་རྒྱལ་ཁབ་གཉིས་དབར་དམིགས་བསལ་སྐུ་ཚབ་ཀྱི་སྒྲོམ་གཞིའི་འོག་གྲོས་མོལ་མུ་མཐུད་གནང་མུས་ཡིན་པ་བརྗོད་ཡོད་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།