སྐལ་བཟང་སྐྱབས་ཀྱིས་བོད་དོན་སྐད་འབོད་དང་མེར་སྲེགས།

དེ་རིང་ཚེས༢༧ཉིན་རྔ་པ་མཛོད་དགེ་རྫོང་རྐྱང་ཚ་ཞང་སྲིད་གཞུང་མདུན་བོད་མི་སྐལ་བཟང་སྐྱབས་ཀྱིས་བོད་དོན་སྐད་འབོད་དང་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག
2012-11-27
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

སྐལ་བཟང་སྐྱབས

དེ་ཡང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་བཏང་དོན། ཟླ་༡༡ ཚེས་༢༧ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་༦།༣༠ ཙམ་ལ་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྐྱང་ཚ་ཞང་སྒོས་གཤོག་ཀའི་མདོ་བ་མེ་དགེ་སྡེ་བའི་བཀྲ་པོ་ཚང་གི་ཕ་ཁྲོ་རྒྱལ་དང་མ་ཨ་ཆོས་གཉིས་ཀྱི་བུ་སྐལ་བཟང་སྐྱབས། རང་ལོ་༢༤ ཡིན་པ་ཁོང་གིས་རྐྱང་ཚ་ཞང་སྲིད་གཞུང་གི་ལས་ཁུངས་སྒོ་འགྲམ་ནས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག ༸ཀིརྟི་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག་ཅེས་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་སྟེ་སྐབས་ཐོག་དེར་འདས་གྲོངས་སུ་གྱུར་ཡོད་པ་དང་།ཉེ་འཁོར་གྱི་ཆུ་རྒྱུད་གཤོག་ཀ་དང་སྐེ་རྒྱུད་གཤོག་ཀ་སོགས་ཀྱི་མི་མང་གིས་ཁོང་གི་སྐུ་ཕུང་རང་ཁྱིམ་ལ་གདན་དྲངས་ཏེ་དྲན་པ་དགོན་པ་དང་། རྒྱལ་དགེ་དགོན་པའི་དགེ་འདུན་པ་རྣམས་ཀྱིས་སྨོན་ལམ་གསུང་བཞིན་ཡོད་འདུག ཁོང་གིས་དང་ཐོག་ཞང་སྲིད་གཞུང་གི་སྒོ་འགྲམ་དུ་མ་སླེབས་ཙམ་ལ་གཟུགས་པོའི་སྒང་ལ་ས་སྣུམ་བླུག་བཞིན་གོང་གསལ་གྱི་སྐད་འབོད་བྱས་ཏེ་ཡོང་ཡོད་པ་དང་། ཞང་སྲིད་གཞུང་གི་སྒོ་འགྲམ་ལ་སླེབས་དུས་གཞི་ནས་མེ་བསྒྲོན་ཡོད་ཅིང་། དེ་རྗེས་ཀྱང་སྐད་འབོད་མང་པོ་བྱས་འདུག ཁོང་ལ་ཕ་མ་གཅིག་པའི་མིང་སྲིང་དྲུག་ཡོད་པའི་ནང་གི་གསུམ་པ་ཡིན་ཞིང་། ཆུང་ཆུང་སྐབས་ནས་དུས་ཚོད་མང་ཆེ་བ་ནོར་ལུག་གི་རྫི་བོ་བྱས་ཏེ་བསྐྱལ་ཡོད་པ་ལས། སློབ་གྲྭར་འགྲོ་མྱོང་མི་འདུག རྒྱུན་དུ་མི་གཤིས་ཧ་ཅང་འཇམ་པོ་ཞིག་དང་། སྐད་ཆ་མང་པོ་མི་བཤད་མཁན་ཞིག་ཡིན་འདུག ཉིན་ཤས་གོང་ནས་མི་རེ་ཟུང་ལ་རང་ལུས་མེར་སྲེག་གཏོང་གི་ཡིན་ཞེས་པའི་སྐད་ཆ་རེ་བཤད་ཡོད་ཀྱང་མི་རྣམས་ཀྱིས་དམིགས་བསལ་དོ་སྣང་བྱས་མེད་པ་དང་། ཁ་སང་འབྲོག་ས་ནས་གྲོང་ལ་ཡོང་སྟེ། དེ་རིང་ཞོགས་པ་སྔ་བོ་ནས་མདོ་བ་མེ་དགེ་སྡེ་བ་ནས་སྤྱི་ལེ་༣ ལྷག་ཡོད་པའི་རྐྱང་ཚ་ཞང་ཐོག་ལ་སོང་སྟེ་ཕྱི་དྲོ་རང་ལུས་མེར་སྲེག་བཏང་འདུག གནས་ཚུལ་དེ་བྱུང་རྗེས་བཞག་ལྡོམ་ཞང་ཐོག་ནས་དྲག་ཆས་ཉེན་རྟོག་པ་དང་དམག་མི་མང་པོ་རྐྱང་ཚ་ཞང་ཐོག་ལ་འབྱོར་ནས་ས་གནས་སུ་དམ་དྲག་བྱེད་མུས་ཡིན་འདུག དེ་ལྟར་ད་བར་བོད་ནས་མི་གྲངས་༨༦གིས་རང་ལུས་མེ་བསྲེགས་བྱས་ཡོད།

སྐལ་བཟང་སྐྱབས

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།