ཉི་ཧོང་གིས་མཚོ་གླིང་ཁུལ་དུ་དམག་དཔུང་གཏང་སྲིད་པ།

ཉི་ཧོང་གིས་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཡོད་པའི་མཚོ་གླིང་བདག་དབང་ཐད་དམག་དཔུང་གཏང་སྲིད་པའི་སྐོར་གསུངས་འདུག
2012-07-28
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཡོད་པའི་མཚོ་གླིང་བདག་དབང་ཐད། རྒྱ་ནག་དང་ཉི་ཧོང་དབར་ཐུག་བཞིན་པའི་རྩོད་རྙོག་ཤུགས་ཆེ་རུ་ཕྱིན་པ་ཡིན་ན།  ཉི་ཧོང་གཞུང་གིས་མངའ་ཁུལ་དེར་དམག་དཔུང་འགྲེམ་གཏོང་བྱ་རྒྱུ་ཡིན་པའི་སྐོར། ཡུལ་དེའི་རྒྱལ་སྲུང་བློན་ཆེན་ ས་ཊོ་ཤི་ མོ་རི་མོ་ཏོ་ ཡིས་གསུངས་འདུག  དེ་ཡང་ཤར་རྒྱ་ནག་རྒྱ་མཚོའི་ནང་ཡོད་པའི་ སེན་ཀ་ཀུ ཟེར་བའི་གླིང་ཕྲན་ཁག་ཅིག་གི་བདག་དབང་ཐད། རྒྱ་ནག་དང་ཉི་ཧོང་དབར་རྩོད་གླེང་ཡོད་བཞིན་པ་དེ་ལྟར་ཡང༌། ཉེ་ལམ་རྩོད་རྙོག་ཡོད་པའི་གླིང་ཕྲན་དེའི་ཁུལ་དུ་རྒྱ་ནག་གི་དམག་གྲུ་ཐེངས་འགའ་ཤས་གསང་འཛུལ་བྱས་པའི་གནས་ཚུལ་བྱུང་བར་བརྟེན། ཉི་ཧོང་གི་དྲག་པོའི་བློན་ཆེན་ ས་ཊོ་ཤི་ མོ་རི་མོ་ཏོ་ ཡིས་འདི་ཚེས་ ༢༧ ཉིན་གསར་འགོད་ལྷན་ཚོགས་ཤིག་གི་ཐོག སྤྱིར་བཏང་མཚོ་གླིང་སྲུང་སྐྱོབ་ཀྱི་ལས་དོན་དེ་དག་གི་འགན་འཁྲི་ཉེན་རྟོག་མི་སྣས་བྱེད་ཀྱི་ཡོད་ཀྱང༌། གལ་སྲིད་གནས་སྟངས་ཛ་དྲག་ཏུ་ཕྱིན་ཏེ། ས་གནས་ཉེན་རྟོག་པས་སྲུང་སྐྱོབ་བྱེད་མ་ཐུབ་པའི་གནས་ཚུལ་བྱུང་བ་ཡིན་ཚེ། རྒྱལ་ཁབ་ཀྱི་དམག་དཔུང་འགྲེམ་གཏོང་བྱེད་ཆོག་པ་རྩ་ཁྲིམས་ནང་གསལ་ཡོད་རེད་ཅེས་གསུངས་ཡོད་པ་དང༌། ཡང་དེའི་གོང་དུ་ཉི་ཧོང་གི་སྲིད་བློན་ ཡོ་ཤི་ཧི་ཀོ་ ནོ་ཌ་  ཡིས་ཀྱང༌། གླིང་ཕྲན་བདག་དབང་གི་རྩོད་རྙོག་དེ་ཞི་བའི་ཐོག་ནས་སེལ་ཐབས་ཀྱི་འབད་བརྩོན་བྱེད་དགོས་པ་དེ་ལྟར་ཡང་།  གལ་སྲིད་ང་ཚོའི་བདག་དབང་འོག་ཡོད་པའི་གླིང་ཕྲན་ཁག་གི་ཐོག ཁྱིམ་མཚེས་རྒྱལ་ཁབ་ཚོས་ཁྲིམས་མཐུན་མིན་པའི་ལས་དོན་སྤེལ་བའི་གནས་ཚུལ་རིགས་བྱུང་བ་ཡིན་ཚེ། ང་ཚོའི་ངོས་ནས་ཀྱང་དེར་གདོང་ལེན་བྱེད་པའི་བྱ་ཐབས་ཤིག་སྤེལ་རྒྱུ་ཡིན་པ་མ་ཟད། དགོས་གལ་བྱུང་ན་གླིང་ཕྲན་དེ་དག་སྲུང་སྐྱོབ་བྱ་རྒྱུའི་ཆེད་རྒྱལ་ཁབ་ཀྱི་དམག་དཔུང་འགྲེམ་གཏོང་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པའི་གནས་ཚུལ་ཐོན་འདུག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།