དུས་དབང་ཆོས་ཞུ་བའི་སྡོད་གུར་སོགས་གྲ་སྒྲིག་ཡག་པོ་བྱུང་འདུག

2017-01-10
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
དུས་འཁོར་དབང་ཆེན་གནང་ཡུལ་རྒྱ་གར་རྡོ་རྗེ་གདན། ༢༠༡༧།༡།༨
དུས་འཁོར་དབང་ཆེན་གནང་ཡུལ་རྒྱ་གར་རྡོ་རྗེ་གདན། ༢༠༡༧།༡།༨
Photo: RFA

རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་སྐབས་ཆོས་ཞུ་བའི་སྡོད་གུར་དང་ཆུ་གློག་སོགས་ཕྱོགས་གང་ཐད་ནས་གྲ་སྒྲིག་ཡག་པོ་ཡོད་འདུག
ཕྱི་ཟླ་༡་ཚེས་༩་ཉིན་གྱི་ཕྱི་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་བཅར་བའི་ཆོས་ཞུ་བ་རྣམས་ཀྱི་སྡོད་གནས་མ་གྷ་ད་གཙུག་ལག་སློབ་ཁང་གི་ར་བའི་ནང་ཡོད་པའི་སྡོད་གུར་ཁག་ཏུ་གཟིགས་སྐོར་ཕེབས་ཏེ་མི་མང་ཁག་གཅིག་ལ་སྡོད་གུར་དང་། ཆུ་གློག གཙང་འཕྲོད་སོགས་གོ་སྒྲིག་གང་འདྲ་ཡོད་མེད་འདྲི་རྩད་གནང་སྐབས་མི་མང་རྣམས་ཀྱིས་ཞལ་གཅིག་གྲགས་ཐོག་གོ་སྒྲིག་ཧ་ཅང་ལེགས་པོ་ཡོད་པ་བརྗོད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ཐེངས་འདིའི་དུས་འཁོར་དབང་ཆེན་གོ་སྒྲིག་ལས་དོན་ཆེད་བོད་མིའི་སྒྲིག་འཛུགས་ཀྱིས་ཚོགས་ཆུང་ཁག་ཅིག་ཆེད་འཛུགས་གནང་ཡོད་པ་དང་། དེའི་ནང་མི་མང་ལ་དབུ་གུར་གོ་སྒྲིག་ཚོགས་ཆུང་དང་། ཆུ་དང་གཙང་སྦྲ་འཕྲོད་བསྟེན་ལས་དོན་ཚོགས་ཆུང་། གློག་ཁྲིད་འཛུགས་ཚོགས་ཆུང་། གསུང་པར་དང་བརྙན་འཕྲིན་ཚོགས་ཆུང་བཅས་ཡོད་ཅིང་། མི་མང་དབུ་གུར་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་ཤེས་རིག་ལས་ཁུངས་ཀྱི་དྲུང་ཚབ་ཀརྨ་སེངྒེ་ལགས་ཀྱི་སྣེ་ཁྲིད་འོག་སྲི་ཞུ་བ་མི་གྲངས་བཞི་ཡོད་འདུག
མི་མང་སྡོད་གུར་ལ་རྣམ་གྲངས་བཞི་ཡོད་པའི་ཁོངས་ནས་ཁག་ཅིག་ལ་མི་གྲངས་བརྒྱད་དང་། ཁག་ཅིག་ལ་མི་གྲངས་༤༠ ཁག་ཅིག་ལ་མི་གྲངས་༣༠བྱས་པའི་སྡོད་གུར་མི་འདྲ་བ་ཡོད་འདུག མི་མང་སྡོད་གུར་ཡོད་སར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དང་བླངས་ཞབས་ཞུ་ཉིན་མཚན་མེད་པར་ཡོད་མུས་ཡིན་ཞིང་། དེ་བཞིན་ཝཱ་རཱ་ཎ་སིར་རྟེན་གཞི་བྱས་པའི་ཝཱར་ན་ཧིན་རྡུའི་གཙུག་ལག་སློབ་ཁང་BHU་གི་སློབ་ཕྲུག་ལྔ་བཅུ་ཙམ་ཡོད་པ་རྣམས་ཀྱིས་ཁོར་ཡུག་གཙང་བཟོ་དང་འཕྲོད་བསྟེན་དང་འབྲེལ་བའི་ཞབས་ཞུ་གནང་བཞིན་ཡོད་པ་རེད། དེ་མིན་མངའ་སྡེའི་གཞུང་གི་ངོས་ནས་བདེ་འཇགས་ཀྱི་ལས་དོན་ཆེད་སྐོར་སྲུང་བ་བཞི་བཅུ་བརྒལ་བ་འགྲེམས་འཇོག་དང་། གློག་སོགས་ལ་བརྟེན་ནས་མེ་སྐྱོན་རིགས་བྱུང་ཚེ་ཆེད་མངགས་མེ་གསོད་རུ་ཁག་གི་རླངས་འཁོར་དང་ལས་མི་ལྔ་བཅུ་མ་ཟིན་ཙམ་གྲ་སྒྲིག་ཡོད་པ་མ་ཟད། ཆོས་ཞུ་བ་ཚོར་སྡོད་གུར་ནས་གསུང་ཆོས་ར་བའི་བར་རླངས་འཁོར་གྱི་མཐུན་རྐྱེན་ཡང་གནང་ཡོད་འདུག
དེ་བཞིན་དགའ་ལྡན་ཕོ་བྲང་ནས་བཀའ་མངགས་ཕེབས་པ་ལྟར་ཆོས་ཞུ་བ་རྣམས་ལ་གསུང་ཆོས་ཞུ་བར་མ་ཐོན་གོང་སྡོད་གུར་ཡོད་སར་སྔ་དྲོ་གསོལ་ཇ་ཡང་གོ་སྒྲིག་ཞུ་བཞིན་འདུག
ཡང་དུས་དབང་སུམ་ཅུ་སོ་བཞི་པའི་དངུལ་རྩིས་ཚོགས་ཆུང་གི་འགན་འཛིན་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་སྣེ་ཁྲིད་འོག རྩིས་པ་བཞི་དང་། བར་རྩིས་ཆེད་སྲི་ཞུ་བ་བཅུ་བཞི། གདན་ས་གསུམ་ནས་ཞལ་འདེབས་བསྡུ་རུབ་ཆེད་དགེ་འདུན་པ་ཞལ་གྲངས་༤༨་ཡོད་པ་རེད།
འདི་གའི་གསར་འགོད་པ་གནས་ཚུལ་བཏང་བ་ལྟར་ན། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤་སྐད་རིགས་འདྲ་མིན་༡༧་ཙམ་གྱི་ནང་གསུངས་བསྒྱུར་གནང་བཞིན་ཡོད་འདུག།

གསར་འགོད་པ་འཆི་མེད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།