༧གོང་ས་མཆོག་གིས་སྟོན་པ་ཁྱབ་འཇུག་གི་སྤྲུལ་བ་རེད་གསུངས་མེད།

2017-01-10
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
དུས་དབང་གོ་སྒྲིག་ཚོགས་ཆུང་གིས་གསར་འགོད་ལྷན་ཚོགས་གནང་སྐབས། ༢༠༡༧།༡།༩
དུས་དབང་གོ་སྒྲིག་ཚོགས་ཆུང་གིས་གསར་འགོད་ལྷན་ཚོགས་གནང་སྐབས། ༢༠༡༧།༡།༩
འཇིགས་མེད་སྙན་གྲགས།/RFA

དུས་འཁོར་དབང་ཆེན་ཐེངས་སོ་བཞི་བར་ཆོས་ཞུ་བ་འབུམ་གཉིས་ཙམ་འབྱོར་ཡོད་པ་དང་ད་དུང་མི་འབོར་ཇེ་མང་ལ་འགྲོ་བཞིན་འདུག
རྒྱ་གར་གྱི་གསར་ཤོག་ཁག་ཅིག་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྟོན་པ་བཅོམ་ལྡན་འདས་ཁྱབ་འཇུག་གི་སྤྲུལ་པ་ཡིན་པའི་བཀའ་སློབ་སྩལ་སོང་ཟེར་བ་དེ་བདེན་པ་རྩ་བ་ནས་མ་རེད་ཅེས་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་གསལ་བཤད་གནང་འདུག
དེ་ཡང་ཕྱི་ཚེས་༩་ཉིན་དུས་འཁོར་དབང་ཆེན་ཐེངས་༣༤་པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་རྣམ་གཉིས་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བའི་ཐོག ཐེངས་འདིའི་གསུང་ཆོས་སྐབས་སྐུ་མདུན་ནས་སྟོན་པ་བཅོམ་ལྡན་འདས་ཁྱབ་འཇུག་གི་སྤྲུལ་པ་རེད་ཅེས་བཀའ་སྩལ་མཛད་ཡོད་སྐོར་གྱི་གནས་ཚུལ་རྒྱ་གར་གྱི་གསར་ཤོག་ཁག་གཅིག་ནང་ཐོན་ཡོད་སྟབས་རྒྱ་གར་མཧཱ་རཱཤཊ་མངའ་སྡེའི་ཁུལ་གྱི་རྒྱ་གར་གི་ད་ལིད་Dalit་ནང་པ་ཁག་ཅིག་གིས་གསར་ཤོག་དེ་དག་གི་ལས་ཁུངས་སུ་ཕྱིན་ནས་འཆལ་གཏམ་དེ་འདྲ་སྤེལ་བ་ནི་རྩ་བ་ནས་ངོས་ལེན་བྱེད་ཐབས་མེད་པའི་ཚོར་ཤུགས་ཆེན་པོའི་ཞི་རྒོལ་བྱས་འདུག
དེར་བརྟེན་ང་ཚོ་དུས་དབང་གོ་སྒྲིག་ཚོགས་ཆུང་ངོས་ནས་ཀྱང་གསར་ཤོག་ནང་ཐོན་པའི་འཆལ་གཏམ་གྱི་གནས་ཚུལ་དེར་ལན་འདེབས་བྱེད་རྒྱུ་གལ་ཆེན་པོར་མཐོང་ནས་དེ་རིང་གསར་འགོད་ལྷན་ཚོགས་འདི་གོ་སྒྲིག་ཞུས་པ་ཡིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྟོན་པ་བཅོམ་ལྡན་འདས་ཁྱབ་འཇུག་གི་སྤྲུལ་པ་ཡིན་ཚུལ་དེ་འདྲའི་བཀའ་སློབ་རྩ་བ་ཉིད་ནས་སྩལ་བ་བྱུང་མེད། སྤྱིར་ཧིན་རྡུའི་ཆོས་ལུགས་ནང་ནས་ཁག་གཅིག་གིས་སྟོན་བཅོམ་ལྡན་འདས་ཁྱབ་འཇུག་གི་འཇུག་པ་བཅུའི་ནང་ནས་བཅུ་པ་དེ་རེད་ཅེས་ཡོངས་གྲགས་བརྗོད་སྲོལ་ཡོད། དེར་ང་ཚོས་སྐྱོན་བརྗོད་གང་ཡང་ཞུ་རྒྱུ་ཡོད་མ་རེད། འོན་ཀྱང་ད་ལན་སྐུ་མདུན་གྱིས་དེ་ལྟར་གསུང་པ་རེད་ཅེས་འཁོད་པ་དེ་བདེན་པ་མ་རེད་ཅེས་ནན་ཏན་ཐོག་ནས་ཞུ་རྒྱུ་ཡིན་ཅེས་གསུངས་འདུག
ད་ཆ་དུས་འཁོར་དབང་ཆེན་ཐེངས་ ༣༤་ཕྱེད་ཀ་གྲུབ་ཟིན་པ་རེད། ད་བར་ཁྱོན་ཡོངས་ཀྱི་གནས་སྟངས་མཐུན་རྐྱེན་འཛོམས་པོ་དང་ལམ་ལྷོང་ལྡན་པ་བྱུང་བར་དགའ་ཚོར་ཆེན་པོ་བྱུང༌། དེ་སྔའི་གསར་འགོད་ལྷན་ཚོགས་སྐབས་ང་ཚོས་ཆོས་ཞུ་བ་འབུམ་གཅིག་དང་ཕྱེད་ཀ་ནས་གཉིས་བར་འབྱོར་རྒྱུའི་ཚོད་དཔག་བྱས་ནས་ཞུས་ཡོད། འོན་ཀྱང་ཉིན་ཤས་ནས་ཆོས་ཞུ་བ་ཉིན་རེ་བཞིན་ཇེ་མང་དུ་འབྱོར་བཞིན་ཡོད་པ་དང་། གྲངས་ཐོ་ཚོད་རྩིས་གནང་མཁན་ཆེད་ལས་མི་སྣས་ཚོད་དཔག་གནང་བ་དང༌། དེ་བཞིན་བདེ་སྲུང་ལས་ཁུངས་སུ་དེབ་འགོད་བྱས་ཟིན་པ་རྣམས་བརྩིས་པ་ཡིན་ན་ཆོས་ཞུ་བ་འབུམ་གཉིས་ཟིན་ཡོད་ཚོད་འདུག་ཅེས་གསུངས་འདུག

གསར་འགོད་པ་ངག་དབང་ཆོས་འཕེལ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།