དམིགས་བསལ་སྐུ་ཚབ་གཉིས་དགོངས་པ་ཞུས་པ།

༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་གཉིས་ཕྱག་ལས་ནས་དགོངས་པ་ཞུས་གནང་ཡོད་པའི་གནས་ཚུལ།
2012-06-03
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་དམིགས་བསལ་སྐུ་ཚབ་ཀྱི་ཕྱག་ལས་ནས་དགོངས་པ་ཞུས་དོན་ལྟར་བཀའ་ཤག་གིས་ཕྱི་ཟླ་དྲུག་པའི་ཚེས་༡ ཉིན་དགོངས་ཁྲོལ་ཐོབ་ཡོད་པ་རེད།

དེ་རིང་ཕྱི་ཟླ་དྲུག་པའི་ཚེས་༣ ཉིན་བཀའ་ཤག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་༢༠༡༡ ལོའི་ཕྱི་ཟླ་བཞི་པའི་ནང་དམིགས་བསལ་སྐུ་ཚབ་ཕྱག་ལས་ནས་དགོངས་ཞུ་གནང་འདུན་ཡོད་པའི་གནས་ལུགས་སྙན་གསེང་སྒྲོན་ཡོད་ཀྱང་སྐབས་དེར་འོས་ཐོན་བྱུང་བའི་བཀའ་བློན་ཁྲི་པ་མཆོག་གིས། དགོངས་ཞུ་ངང་འཐེན་ཡོང་བ་དང༌། མུ་མཐུད་ནས་འབྲེལ་མོལ་ཡོང་ཐབས་ལ་འབད་བརྩོན་བྱ་དགོས་པའི་བཀའ་མངགས་གནང་སྟེ། ༢༠༡༡ ལོའི་ཕྱི་ཟླ་༥ ནས་བཟུང་དམིགས་བསལ་སྐུ་ཚབ་རྣམ་གཉིས་དང་བཀའ་བློན་ཁྲི་པ་ལྷན་དུ་མཇལ་འཛོམས་བཀའ་བསྡུར་ཐེགས་བཅུ་གཉིས་གནང་ཡོད་ཀྱང༌། མཐར་ཕྱི་ཟླ་ལྔ་པའི་ཚེས་༣༠ དང་༣༡ ཉིན་གཉིས་རིང་བཞུགས་སྒར་རྡ་རམ་ས་ལར་བོད་རྒྱ་ཞི་མོལ་གྱི་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཚོགས་པའི་སྐབས། སྐུ་ཚབ་རྣམ་གཉིས་ཀྱིས་བཀའ་བློན་ཁྲི་པ་མཆོག་ལ་དགོངས་ཞུའི་སྙན་ཞུ་ཕུལ་ཏེ།  དེའི་ནང་དུ། རྒྱ་ནག་གཞུང་གིས་བོད་ནང་དུ་མཁྲེགས་འཛིན་གྱི་སྲིད་ཇུས་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང༌། ༢༠༠༨ ནས་བཟུང་བོད་ནང་ཛ་དྲག་དང་ཐབས་སྡུག་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་རྩ་བ་ནས་མ་བཏང་བའི་རྐྱེན་གྱིས་རང་ལུས་མེ་བསྲེག་བཏང་བའི་ཡིད་སྐྱོའི་དོན་རྐྱེན་མཚོན་པའི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་པ་དང༌། ལྷག་པར་དུ་༢༠༠༨ དང་༢༠༡༠ སོ་སོར་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་དེའི་འགྲེལ་བརྗོད་བཅས་པ་རྒྱ་ནག་གཞུང་ལ་སྤྲད་པར་དེར་བཟང་ཕྱོགས་ཀྱི་ལན་རྩ་བ་ནས་མ་བྱུང་བའི་ཁར། དེ་ལས་ལྡོགས་ཏེ་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གིས། གྲངས་ཉུང་མི་རིགས་ཀྱི་གནས་བབ་ཕྱིར་བསྡུ་བྱེད་དགོས་པའི་བསམ་ཚུལ་བཏོན་ཏེ།  མི་རིགས་རང་སྐྱོང་གི་གནས་བབ་ཕྱིར་བསྡུ་བྱ་རྒྱུའི་འཆར་གཞི་དེ་དག་ལ་བརྟེན་ནས། ད་ལྟའི་འཆར་དོན་སྙིང་ལྡན་པའི་ཞི་བའི་གྲོས་མོལ་ཡོང་རྒྱུའི་རེ་བ་ཁག་པོ་གཟིགས་ཀྱི་ཡོད་པའི་རྒྱུ་མཚན་སོགས་བཀོད་ཅིང༌།  བཀའ་བློན་ཁྲི་པ་མཆོག་གིས་ཀྱང་དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་དུས་ཚོད་གཉན་འཕྲང་ཆེ་བའི་སྐབས་སུ་ཞི་བའི་ཐོག་ནས་བོད་དོན་དཀའ་རྙོགས་སེལ་ཐབས་ཆེད་དུ་ངལ་བ་དུ་མ་ཁྱད་དུ་བསད་ནས་ལྷག་བསམ་རྣམ་དག་གིས་འབད་བརྩོན་རིམ་པ་གནང་ཡོད་ལ།  འདས་པའི་ལོ་ངོ་བཅུའི་རིང་གི་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ནང་སྐུ་ཚབ་རྣམ་གཉིས་ནས་རིན་ཐང་བྲལ་བའི་ཞབས་འདེབས་ཞུས་ཡོད་པས་བཀའ་ཤག་གིས་མུ་མཐུད་ཁོང་རྣམ་གཉིས་ནས་ལམ་སྟོན་ཞུ་རྒྱུ་དང༌། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྒན་གྲས་ཀྱི་ངོ་བོར་མུ་མཐུད་ཞུགས་རྒྱུ་ཡིན་པ་། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མིའི་གྲངས་ཚད་སྤར་ཆ་བྱ་རྒྱུ་དང༌། ༢༠༡༢ ལོའི་ཕྱི་ཟླ་༡༢ པའི་ནང་ཚོགས་འདུ་ཞིག་སྐོང་ཚོགས་གནང་སྟེ་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་གྱི་གནས་སྟངས་ལ་བསྐྱར་ཞིབ་བྱ་རྒྱུ་དང༌། བོད་ཀྱི་དཀའ་ངལ་སེལ་ཐབས་སུ་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོ་དང་མུ་མཐུད་འབྲེལ་ལམ་ཡོང་ཐབས་འབད་བརྩོན་བྱ་རྒྱུ་ཡིན། བོད་མིའི་འགོ་ཁྲིད་ཀྱིས་ཆོད་སེམས་བརྟན་པོའི་སྒོ་ནས་འཚེ་བ་མེད་པ་དང་དབུ་མའི་ལམ་གྱི་སྲིད་ཇུས་མུ་མཐུད་རྒྱུན་འཁྱོངས་བྱེད་རྒྱུ་མ་ཟད། འབྲེལ་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོགས་སེལ་ཐབས་བྱེད་རྒྱུ་དེ་ཉིད་ཐབས་ལམ་བཟང་ཤོས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། བོད་མིའི་འགོ་ཁྲིད་ཀྱིས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེར་བརྩིར་བཞིན་ཡིན་པས། ས་གནས་དང༌། དུས་ཚོད་གང་འདྲ་ཞིག་ཡིན་རུང་དོན་ཕན་ལྡན་པའི་འབྲེལ་མོལ་ཞུ་རྒྱུའི་གྲ་སྒྲིག་ཡོད་ཅེས་བཀོད་ཡོད་པ་རེད།།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།