ཁེ་ན་ཌར་བཀའ་ཁྲིས་བོད་མི་གཞོན་སྐྱེས་ལ་སློབ་སྟོན།

བཀའ་ཁྲི་མཆོག་གིས་ཁེ་ན་ཌར་བོད་རིགས་ན་གཞོན་ལས་རིགས་ཉམས་མྱོང་ལས་གཞིའི་ནང་བཞུགས་མཁན་ཚོ་དང་ཐུག་འཕྲད་གནང་བ།
2012-05-02
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་གིས་ཁེ་ན་ཌའི་ནང་ཚོགས་པའི་འཛམ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་སྐབས་དྲུག་པའི་སྐབས་བོད་རིགས་ན་གཞོན་ལས་རིགས་ཉམས་མྱོང་ལས་གཞིའི་ནང་བཞུགས་མཁན་ཚོ་དང་ཐུག་འཕྲད་གནང་བའི་སྐབས་ བོད་རིགས་ན་གཞོན་ཚོས་རང་ཉིད་བོད་མི་ཞིག་ཡིན་པའི་ཚོར་བ་དེ་འཁྱེར་ནས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་མིའི་སྐུ་ཚབ་ཅིག་ཆགས་ཐུབ་དགོས་པའི་སློབ་སྟོན་གནང་ཡོད་འདུག   
ཁེ་ན་ཌའི་རྒྱལ་ས་ཨོ་ཀྲ་ལྦའི་ནང་ཚུགས་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་གྲུབ་རྗེས་ཁེ་ན་ཌའི་གཞུང་གི་ལས་ཁང་ཁག་ནང་དང་བླངས་ཉམས་མྱོང་ལས་གཞིའི་ནང་ཞུགས་གནང་མཁན་བོད་རིགས་གཞོན་སྐྱེས་བདུན་དང་ལྷན་དུ་ཕྱི་ཚེས་༡ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་རྣམ་གཉིས་ཀྱིས་ཐུག་འཕྲད་གནང་ཏེ་ དང་བླངས་ཞབས་ཞུའི་ལས་འཆར་སྐོར་འགྲེལ་བཤད་གནང་བ་དང་འབྲེལ་ བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སྐོར་གསལ་སྟོན་གནང་ཏེ་ བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་ལོ་རྒྱུས་དང་སྐད་ཡིག་སློབ་སྦྱོང་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་དང་ ལྷག་པར་དུ་ བོད་རིགས་གཞོན་སྐྱེས་ཚོས་ རང་ཉིད་བོད་པ་ཞིག་ཡིན་པའི་ཚོར་བ་དེ་ཤུགས་ཆེན་པོ་འཁྱེར་ནས་ རྒྱལ་སྤྱིའི་ནང་བོད་མིའི་སྐུ་ཚབ་ཅིག་བྱ་དགོས་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པའི་སྐོར་སོགས་གསུང་ཡོད་འདུག ཁེ་ན་ཌའི་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་གནང་མཁན་གྱིས་མཐུན་འགྱུར་གནང་བའི་འོག་བོད་རིགས་ན་གཞོན་ཚོར་ཁེ་ན་ཌའི་གཞུང་གི་ལས་ཁང་ཁག་ནང་དུས་ཡུན་ཟླ་བ་གཉིས་ཙམ་རིང་ ལས་རིགས་ཉམས་མྱོང་ལས་གཞིའི་ནང་ཞུགས་རྒྱུའི་གོ་སྐབས་ཡོད་པ་བཞིན་ གོང་ཞུས་བོད་མི་ན་གཞོན་བདུན་པོ་དེ་དག་ལས་གཞི་དེའི་ནང་ཁེ་ན་ཌའི་གཞུང་གི་ལས་ཁང་ཁག་ནང་ལས་རིགས་ཉམས་མྱོང་གསོག་བཞིན་ཡིན་པ་དང་ བཀའ་བློན་ཁྲི་པ་མཆོག་ནས་བོད་རིགས་ན་གཞོན་ཚོར་ཕྱི་རྒྱལ་ཡུལ་གྲུའི་ལས་ཁང་ཁག་ནང་ལས་རིགས་ཉམས་མྱོང་སོག་་རྒྱུའི་ལས་གཞིའི་དེའི་ནང་ཞུགས་ཐུབ་རྒྱུ་དེ་གོ་སྐབས་བཟང་པོ་ཞིག་ཡིན་པ་གསུང་ཡོད་པ་དང་འབྲེལ་ དེང་སྐབས་བོད་ནང་ཛ་དྲག་གནས་སྟངས་སྐོར་གླེང་གནང་བ་མ་ཟད་ ལྷག་པར་དུ་བོད་ནང་རང་ལུས་མེར་བསྲེག་གཏོང་མཁན་གྱི་བོད་མི་མང་ཆེ་བས་གཞོན་སྐྱེས་ཡིན་པ་སོགས་ བོད་རིགས་ན་གཞོན་ཚོས་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་རྒྱལ་སྤྱིའི་ཐོག་ བོད་མི་ཡོངས་ཀྱི་ཚབ་བྱས་ནས་ལས་དོན་སྤེལ་ཐུབ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པའི་སྐོར་སོགས་གསུང་ཡོད་འདུག  

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།