ཀརྨ་པ་མཆོག་དབྱིན་ཡུལ་དུ་ཆིབས་བསྒྱུར་ཐོག་མ་གནང་འདུག

2017-05-18
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབྱིན་ཡུལ་དུ། ༢༠༡༧།༥།༡༧
ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབྱིན་ཡུལ་དུ། ༢༠༡༧།༥།༡༧
kagyuoffice.org

ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ལ་ཞབས་སོར་བདེ་བར་འཁོད་གནང་འདུག
བཀའ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཕྱི་ཟླ་༥ ཚེས་༡༧ ཉིན་གྱི་ཕྱི་དྲོ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ལ་ཞབས་སོར་བདེ་བར་འཁོད་གནང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཁུལ་དེར་གནས་བཞུགས་བླ་སྤྲུལ་སྤྱི་ཟུར་འཆི་མེད་རིན་པོ་ཆེ་དང་། ཨ་ཁྲོ་རིན་པོ་ཆེ། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ།   བླ་མ་ཡེ་ཤེས་བློ་གསལ་དང་། དབྱིན་ཡུལ་བོད་ཀྱི་དོན་གཅོད། ཧི་མ་ལ་ཡའི་མི་དམངས་ཀྱི་འཐུས་མི།  དེ་བཞིན་སྦྱིན་བདག་དང་གནད་ཡོད་སྤྱི་ནས་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་ཕེབས་བསུའི་མཇལ་དར་འབུལ་བཞེས་དང་། དེ་རྗེས་དབྱིན་ཇིའི་ལུགས་སྲོལ་ལྟར། གསོལ་ཇ་ཞལ་ཏོག་བཀྱག་པ་དགྱེས་བཞེས་དང་འབྲེལ། སྦྱིན་བདག་དང་བོད་ཀྱི་འཐུས་མིས་ཕེབས་བསུའི་གསུང་བཤད་གནང་འདུག
རྒྱལ་བ་ཀརྨ་པ་མཆོག་གི་སྐུ་སྒེར་ངོ་དེབ་ཐོག་དབྱིན་ཡུལ་དུ་ཕེབས་ཡག་དེ་རྒྱུན་རིང་པོ་ནས་དགོངས་པར་ཡོད་པའི་རེ་འདུན་ཞིག་ཡིན་པ་དང་། ད་རེས་ཀྱི་ཆིབས་བསྒྱུར་དེ་བརྒྱུད་ཀརྨ་པ་སྐུ་གོང་མ་སྐུ་ཕྲེང་༡༦པ་དང་དབྱིན་ཡུལ་དབར་གྱི་སྔར་གྱི་འབྲེལ་བ་དེ་ད་དུང་ཉེ་རུ་འགྲོ་བའི་ཐུགས་སྨོན་གནང་གི་ཡོད་ཅེས་གསུངས་འདུག
འདི་ཚེས་༡༨་ཉིན་རྒྱལ་བ་ཀརྨ་པ་མཆོག་ལོན་ཌོན་ནང་གི་(British)འགྲེམས་སྟོན་ཁང་དུ་གཟིགས་སྐོར་གནང་བ་དང་། འགྲེམས་སྟོན་ཁང་དེའི་འགན་འཛིན་གྱིས། བོད་ཀྱི་སྐུ་འདྲ་རྙིང་པ་དང་བོད་པའི་ཅ་དངོས། དེ་བཞིན་དཔེ་དེབ་སོགས་སྤྱན་འབུལ་ཞུས་པར་རྒྱལ་བ་ཀརྨ་པ་མཆོག་གིས་ཞིབ་ཚགས་གཟིགས་ཞིབ་གནང་འདུག
ཕྱི་ཚེས་༢༠དང་༢༡ བཅས་ཉིན་གྲངས་གཉིས་རིང་རྒྱལ་བ་ཀརྨ་པ་མཆོག་གིས། ཁུལ་དེར་དད་ལྡན་ཆོས་ཞུ་བ་ཚོར་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཁྲིད་དང་། ཕྱི་ཚེས་༢༡ཉིན་རྒྱབ་སྤྱན་རས་གཟིགས་ཀྱི་དབང་སྩོལ་གནང་མཛད་རྒྱུ། བདུན་རྗེས་མ་ཕྱི་ཟླ་༥པའི་ཚེས་༢༧རེས་གཟའ་སྤེན་པའི་ཉིན་མང་ཚོགས་ལ་ཚེ་དབང་བཀྲིན་ཆེ་གནང་མཛད་ཀྱི་འདུག
རྒྱལ་བ་ཀརྨ་པ་མཆོག་ད་རེས་དབྱིན་ཡུལ་དུ་ཕེབས་པ་ཐོག་མ་དེ་ཡིན་པ་དང་ཁུལ་དེའི་མཛད་འཆར་ཁག་གྲུབ་རྗེས་ཁེ་ཎ་ཊར་ཕེབས་གནང་གིས་ཟླ་ངོ་གཅིག་མ་ཟིན་ཙམ་གྱི་རིང་མཛད་འཆར་ཡོད་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།