མཁས་གྲུབ་ལཊ་ཟླ་གཅིག་ལྷག་གི་རིང་བཀག་ཉར་འདྲི་རྩད་བྱས་འདུག

2017-01-24
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
མདོ་ལྷོ་རྨ་ཆུ་རྫོང་སྤྱི་བདེ་ལས་ཁུངས་དང་མཁས་གྲུབ་ལགས། ༢༠༡༧།༡།༢༡
མདོ་ལྷོ་རྨ་ཆུ་རྫོང་སྤྱི་བདེ་ལས་ཁུངས་དང་མཁས་གྲུབ་ལགས། ༢༠༡༧།༡།༢༡
བོད་འབྱོར།

རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་དང་འབྲེལ་ནས་འཇུ་བཟུང་བྱས་བ་མཁས་གྲུབ་ཟླ་གཅིག་ལྷག་གི་རིང་འདྲི་རྩད་གཅར་རྡུང་རྗེས་གློད་གྲོལ་བྱས་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༦་ལོའི་ཟླ་༡༢་བའི་ཚེས་༨་ཉིན་མདོ་སྨད་རྨ་ཆུ་རྫོང་ཐོག་གི་རྨ་ཆུའི་གཞུང་ལམ་ནས་བཀྲ་ཤིས་རབ་བརྟན་གྱིས་རང་ལུས་མེར་བསྲེགས་གནང་བའི་དོན་རྐྱེན་བྱུང་རྗེས། སྐབས་དེའི་གནས་ཚུལ་དང་འདྲ་པར་བོད་ཕྱི་ཕྱོགས་ཀྱི་གསར་ལམ་ཁག་ལ་བསྒྲགས་ཚུལ་གྱིས་ཟླ་༡༢་བའི་ཚེས་༡༤་ཉིན་གྱི་མཚན་དཀྱིལ་ས་གནས་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་ཚན་པས་བོད་མི་མཁས་གྲུབ་ལགས་འཇུ་བཟུང་བྱས་ཡོད་པ་དང་། དེ་ནས་ད་བར་གྱི་ཟླ་བ་གཅིག་ལྷག་ཙམ་གྱི་རིང་ཁོང་རྨ་ཆུ་རྫོང་ཐོག་ནས་བཀག་ཉར་དང་འབྲེལ་འདྲི་རྩད་གཅར་རྡུང་བྱས་ཡོད་ཀྱང་དམིགས་བསལ་ཁོ་ལ་ཉེས་བ་ཡོད་པའི་དཔང་རྟགས་སོགས་མ་རག་པར་བརྟེན་སྤྱི་ལོ་༢༠༡༧་ལོའི་ཟླ་དང་པོའི་ཚེས་༢༡་ཉིན་གློད་དཀྲོལ་བཏང་འདུག
ས་གནས་བོད་མི་ཞིག་གིས་བརྗོད་དོན། ཁོ་རང་བཀག་ཉར་འདྲི་རྩད་བྱས་བའི་རིང་གཅར་རྡུང་གང་མཚམས་བྱས་ཡོད་པ་དང་། ཁོང་གིས་ནག་ཉེས་གང་ཡང་བསགས་མེད་པར་བརྟེན་གློད་བཀྲོལ་བྱུང་ཡོད་ཀྱང་། འཛིན་བཟུང་འདྲི་རྩད་ཀྱི་གནས་ཚུལ་ཕྱི་ལ་བཤད་མི་ཆོག་པ་དང་། སྤྱི་ཚོགས་ཁྲོད་ནས་འགྲོ་འདུག་སྤྱོད་གསུམ་ལ་མུ་མཐུད་ནས་ལྟ་རྟོག་བྱེད་རྒྱུ་ཡིན་པ་མ་ཟད། གནད་དོན་བྱུང་ཚེ་ཡང་བསྐྱར་འཇུ་བཟུང་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ནས་ཁོང་གི་ཁ་པར་དང་ཅ་དངོས་ད་དུང་ཡང་ཕྱིར་སྤྲད་མེད་པ་བརྗོད་བྱུང་།
མཁས་གྲུབ་ནི་དགུང་ལོ་༥༠་ཙམ་དང་མདོ་ལྷོ་རྨ་ཆུ་རྫོང་མུ་ར་དགོན་པའི་སྨན་པའི་གཙོ་འཛིན་པ་ཡིན་འདུག
གོང་གི་བོད་མི་བཀྲ་ཤིས་རབ་བརྟན་གྱིས་ཉེ་ཆར་རྨ་ཆུ་རྫོང་ཐོག་ནས་རང་ལུས་མེར་བསྲེགས་གནང་རྗེས་སྐུ་གྲོངས་ཡོད་པ་དང་། རྒྱ་ནག་གི་སྟངས་འཛིན་དབང་བསྒྱུར་འོག་སྤྱི་ལོ་༢༠༠༩་ལོ་ནས་ད་བར་བོད་ནང་གི་བོད་མིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་མཁན་མི་གྲངས་༡༤༦་དང་། བོད་ཕྱི་ནང་གཉིས་བསྡོམས་པས་ད་བར་བོད་མི་ཁྱོན་༡༥༤་ཡིས་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་གནང་ཡོད།

གསར་འགོད་པ་ཀླུ་འབུམ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།