ཨ་རིའི་མཐོ་སློབ་ཏུ་སློབ་སྦྱོང་བྱེད་བཞིན་པའི་བོད་ཕྲུག་ཅིག་སྐོར།

བོད་ཕྲུག་བསྟན་འཛིན་བདེ་སྐྱིད་སྐོར་ཨ་རིའི་ནོཐ་ཁེ་རོ་ལའེ་ན་གཙུག་ལག་སློབ་གཉེར་ཁང་གི་དྲ་ལམ་གསར་འགྱུར་ཐོག་གནས་ཚུལ་བཀོད་འདུག
2012-04-30
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎ཨ་རིའི་མཐོ་སློབ་ཞིག་ནང་རྒྱལ་སྤྱིའི་ཆབ་སྲིད་སྐོར་མཐོ་སློབ་ནང་སློབ་སྦྱོང་གནང་མཁན་བོད་པའི་སློབ་ཕྲུག་བསྟན་འཛིན་བདེ་སྐྱིད་ལགས་ནི་བཙན་བྱོལ་ནང་གནས་འཁོད་བོད་མི་འབུམ་གཉིས་ལྷག་ཙམ་ནང་ནས་གཅིག་ཡིན་ནའང༌། ད་ལྟའི་ཆར་ཨ་རིའི་ནོཐ་ཁེ་རོ་ལའེ་ན་(North Carolina)ནང་བོད་མི་ཉུང་ངུ་ཞིག་ལས་མེད་པ་དེའི་ནང་ནས་གཅིག་ཡིན་པ་རེད། མིའི་ལུང་པར་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་སྲུང་སྐྱོབ་བྱེད་ཡག་དེ་ཁོང་དང་བཙན་བྱོལ་ནང་གནས་འཁོད་བོད་མི་གཞན་ཚང་མའི་དཀའ་ངལ་ཆེ་ཤོས་དེ་ཡིན་ནའང༌། དངོས་ཡོད་གནས་ཚུལ་ལ་གདོང་ལེན་བྱེད་ཡག་དེ་ད་ལྟའི་སྐབས་དེར་བོད་མི་ཡོངས་ཀྱི་ཟློག་ཏུ་མི་རུང་བའི་དཀའ་ངལ་ཞིག་ཆགས་ཡོད།
བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ ཁོ་རང་གི་མི་ཚེ་གང་ཚང་བོད་མི་ཚང་མ་ས་ཆ་གཅིག་ལ་གནས་མི་ཐུབ་པའི་བཙན་བྱོལ་སྤྱི་ཚོགས་ནང་བསྐྱལ་ཡོད་སྟབས། རང་ཉིད་བོད་པ་ཡིན་པའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུར་། ཐག་རིང་ས་གནས་ཁག་ནང་གྱར་བའི་བོད་མི་དང་ལྷག་པར་དུ་མི་ཚེའི་ནང་རྩ་བ་ནས་ཐུག་མྱོང་མེད་པའི་གཞིས་ལུས་བོད་རིགས་སྤུན་ཟླ་ཚོ་དང་མཉམ་དུ་སྙིང་ནས་འབྲེལ་ཐག་ཉེ་པོ་ཡོད་སྐོར་འགྲེལ་བརྗོད་གནང་འདུག། 
བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ རང་ཉིད་བོད་པ་ཡིན་པ་མ་བརྗེད་པ་བྱེད་ཡག་གི་ཐབས་ལམ་གཅིག་ནི་རྒྱ་མིའི་སྡུག་སྦྱོང་མནར་གཅོད་མྱང་བའི་རང་གི་ཕ་མ་དང་བོད་མི་རྒན་གྲས་ཚོའི་ཞལ་ནས་རྒྱ་མིས་བཙན་དབང་བཏང་བའི་ལོ་རྒྱུས་གོ་ཐོས་བྱུང་བ་རྣམས་དུས་རྟག་ཏུ་ཡིད་ལ་འཁོར་གྱི་་ཡོད་ཅིང༌། རྒྱ་མིའི་དཔུང་དམག་གིས་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་པོ་ལགས་སུ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ཡོད་པ་དང༌། ཁོང་ཚོའི་ས་ཞིང་འཕྲོག་ལེན་བྱས་པའི་མཐར་བདེ་སྐྱིད་ཀྱི་པ་ལགས་ཀྱིས་་བོད་ནས་རྒྱ་གར་དུ་བྲོས་བྱོལ་ལ་འགྲོ་དགོས་བྱུང་ཡོད།
བོད་ནང་ཡོད་པའི་གཞིས་ལུས་བོད་མི་ཚོར་སྨྲ་བརྗོད་རང་དབང་དང༌། ཆོས་དད་རང་དབང༌། ལས་ཀའི་གོ་སྐབས་གཅིག་མཚུངས་ཀྱི་ཐོབ་ཐང་སོགས་གང་ཡང་མེད་པར་བརྟེན། བོད་དེ་བཞིན་རྒྱ་ནག་གི་བཙན་འོག་ནས་རང་དབང་ཐོབ་དགོས་པའི་རེ་བ་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་གནང་འདུག།
ཨ་མི་རི་ཀའི་ནང་བསྟན་འཛིན་བདེ་སྐྱིད་ལགས་དང་འདྲ་བའི་བོད་མི་མང་པོ་ཞིག་གིས་ རང་ཡུལ་བོད་ནང་ད་ལྟའི་སྐབས་ཀྱི་ཛ་དྲག་གནས་སྟངས་སྐོར་ ཨ་རིའི་ཡུལ་མི་ཚོར་གསལ་བཤད་གནང་གི་ཡོད་པ་དང༌། བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་བྱས་པའི་བོད་རིགས་གཞོན་སྐྱེས་ཕལ་ཆེ་བའི་འཚར་ལོངས་བྱེད་སྟངས་གཅིག་མཚུངས་ཡིན་པ་དང༌། ཚང་མའི་སེམས་ནང་རང་ཉིད་བོད་པ་ཡིན་པའི་འདུ་ཤེས་དང་རང་ཡུལ་བོད་ལ་གཅེས་པའི་སེམས་ཚོར་ཡང་གཟབ་པོ་ཡོད་སྐོར་ཨ་རིའི་ནོཐ་ཁེ་རོ་ལའེ་ན་གཙུག་ལག་སློབ་གཉེར་ཁང་གི་དྲ་ལམ་གསར་འགྱུར་ཐོག་གནས་ཚུལ་བཀོད་འདུག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།