བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་བཙོན་གྲོལ་བྱུང་འདུག


2016.10.26
འཇིཊ་མེད་རྒྱ་མཚོ་འམ་བླ་བྲང་འཇིགས་མེད་མགོ་རིལ་ལགས་དང་ཁོང་གི་ཨ་མ། ༢༠༡༦།༡༠།༢༦ འཇིཊ་མེད་རྒྱ་མཚོ་འམ་བླ་བྲང་འཇིགས་མེད་མགོ་རིལ་ལགས་དང་ཁོང་གི་ཨ་མ། ༢༠༡༦།༡༠།༢༦
དགེ་འདུན་ཕུན་ཚོགས་ཀྱིས་མཁོ་སྤྲོད་གནང་།

འཇིཊ་མེད་རྒྱ་མཚོ་འམ་བླ་བྲང་འཇིགས་མེད་མགོ་རིལ་ལགས་མི་ལོ་ལྔའི་བཙོན་འཇུག་བྱས་རྗེས་དེ་རིང་བཙོན་བཀྲོལ་བྱུང་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། དེ་སྔ་རྒྱ་ནག་གཞུང་གིས་སྔ་ཕྱིར་ཐེངས་ཁ་ཤས་ལ་འཇུ་བཟུང་བཀག་ཉར་བྱས་རྗེས་སྤྱི་ལོ་༢༠༡༡་ལོར་མི་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་བའི་འཇིཊ་མེད་རྒྱ་མཚོ་འམ་བླ་བྲང་འཇིགས་མེད་མགོ་རིལ་ལགས་སྤྱི་ལོ་༢༠༡༦་ལོའི་ཟླ་༡༠་བའི་ཚེས་༢༦་ཉིན་ལན་ཀྲོའུ་གྲོང་ཁྱེར་གྱི་(兰州大厦平监狱)་བཙོན་ཁང་ནས་བཙོན་གྲོལ་བྱུང་འདུག
འབྲེལ་ཡོད་བོད་མི་ཞིག་གིས་བརྗོད་དོན། ཁོང་རྒྱ་ནག་ལན་ཀྲོའུ་ཕྱོགས་ཀྱི་བཙོན་ཁང་ཞིག་ནས་བཙོན་བཀྲོལ་བྱུང་བ་ལས་གཞན་གནས་ཚུལ་ཁ་གསལ་ཤེས་རྟོགས་མ་བྱུང་། སྤྱིར་བཏང་ཡིན་ན་ཁོང་ཉེ་བའི་སྤྱི་ཟླ་དགུ་བའི་ནང་བཙོན་དུས་གཙང་གི་ཡོད་ཀྱང་དེ་དུས་བཙོན་བཀྲོལ་བྱུང་མ་སོང་། བཤད་པ་ལྟར་ན་དེ་སྔ་ཁོང་མགྲོན་ཁང་ནས་བཟང་བཙོན་ལྟབུར་ཟླ་གཉིས་ཙམ་བཀག་ཉར་བྱས་བ་དེ་རྩིས་མེད་པ་འདྲ་ཅེས་བརྗོད་བྱུང་།
ཡང་དགེ་འདུན་ཕུན་ཚོགས་ལགས་ཀྱིས་བརྗོད་དོན། ཨ་ཁུ་འཇིགས་མེད་ཕ་ཕུག་སྡེ་བའི་རང་ཁྱིམ་ལ་འབྱོར་བ་དང་། ཁོང་གི་ཨ་མ་གཙོས་ནང་མི་ཚོས་ཁ་བཏགས་འཐེན་ནས་དགའ་བསུ་བྱས་ཡོད་ནའང་། ཕྱི་མི་རྣམས་དེ་རིང་ཕེབས་བསུར་བཅར་བཅུག་མི་འདུག ཐ་ན་བཙོན་གྲོལ་སྐབས་ཨ་ཁུ་འཇིགས་མེད་ལ་གཟན་ཤམ་གྱོན་མི་ཆོག་པ་དང་། དགོན་པར་ཡང་འགྲོ་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག
དེ་བཞིན་གནས་ཚུལ་ཞིབ་ཕྲ་འདི་ག་རླུང་འཕྲིན་ཁང་གིས་མུ་མཐུད་རྩད་གཅོད་བྱེད་བཞིན་པ་ཡིན་ལ་དེ་སྔ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པ་བདག་གཉེར་ལྷན་ཁང་གི་འགན་འཛིན་གཞོན་པའི་མཛད་འགན་བཞེས་མྱོང་མཁན་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ལགས་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༡ལོའི་ཟླ་༨་པའི་ནང་འཛིན་བཟུང་གིས། རྒྱུན་རིང་གསང་བའི་ངང་བཀག་ཉར་བྱས་རྗེས། རྒྱ་ནག་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ནང་ཡོད་པའི་ཁྲིམས་ཁང་ཞིག་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ་བྱེད་མཁན་ཡིན་པའི་ཉེས་འཛུགས་བྱས་ཏེ། མི་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད།
དགེ་འདུན་པ་འཇིགས་མེད་རྒྱ་མཚོ་དང་ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་ནི་བླ་བྲང་དགོན་པའི་དགེ་འདུན་པ་དང༌། བླ་བྲང་དགོན་པའི་ཉེ་འདབ་ཕུག་སྡེ་ཞེས་པ་ནས་ཡིན་ཞིང༌། ཁོང་གིས་བོད་ཕྱི་ལ་ཡོད་པའི་བོད་སྐད་རླུང་འཕྲིན་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཇིགས་ཞུམ་མེད་པར་བོད་ནང་གི་དཀའ་སྡུག་གནས་སྟངས་དང༌། གཞིས་ལུས་བོད་མིའི་རེ་འདུན་ངོ་མ་དེ་གསལ་བཤད་བྱས་ཡོད་ལ་སྔ་ཕྱིར་རྒྱ་ནག་གིས་ཐེངས་བཞི་ཙམ་ལ་འཛིན་བཟུང་བྱས་མྱོང་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎