བར་སྣང་ནས་བོད་མཐོ་སྒང་ལ་ལྟ་བའི་ཡུལ་སྐོར་ཞབས་ཞུ།

2017-05-17
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར།
བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར།
དྲ་བཤུས། /Weibo

བོད་ཀྱི་རྒྱལ་ས་ལྷ་ས་རུ་ཐད་འཕུར་གནམ་གྲུའི་ཡུལ་སྐོར་སྤྲོ་འཆམ་པར་ཞབས་ཞུ་ལས་དོན་སྤེལ་རྒྱུ་རེད་འདུག
དེ་ཡང་གནས་ཚུལ་ལྟར་ན། གཙོ་བོ་ཡུལ་སྐོར་སྤྲོ་འཆམ་པའི་ཆེད་དུ་བར་སྣང་ནས་བོད་མཐོ་སྒང་གི་ཡུལ་ལྗོངས་ལྟད་མོ་བལྟ་ཐུབ་རྒྱུའི་ཆེད་ལྷ་ས་ཁུལ་དུ་ཐད་འཕུར་གནམ་གྲུའི་ཡུལ་སྐོར་སྤྲོ་འཆམ་གྱི་ཞབས་ཞུ་ལས་དོན་སྤེལ་རྒྱུ་ཡིན་པ་དང་། པོ་ཏ་ལའི་ཡུལ་སྐོར་སྤྲོ་འཆམ་དང་རིག་གཞུང་སྣེ་ཤན་ཚོགས་པས་ཡུལ་སྐོར་སྤྲོ་འཆམ་ཞབས་ཞུ་ཆེད། ཐད་འཕུར་གནམ་གྲུའི་འཕུར་བསྐྱོད་ཀྱི་ཆོག་མཆན་དང་པོ་དེ་ཐོབ་ཡོད་པ་རེད། བར་སྣང་གི་ས་ཚིགས་གཏན་འབེབས་ཀྱི་ཐོག་ནས་འདི་ལོ་སྤྱི་ཟླ་༨པའི་ནང་དངོས་སུ་ཤར་གཏོང་དང་། ལྷ་ས་ནས་རིང་ཚད་སྤྱི་ལེ་༢༤༠གྱི་བར་ཐག་ནས་ལྷ་ས་དང་། གནམ་མཚོ་བར་གྱི་བར་སྣང་སྐོར་བསྐྱོད་བྱེད་རྒྱུ་རེད་འདུག
རྒྱ་ནག་གི་ཉིན་རེའི་ཚགས་པར་ཐོག་ཐད་འཕུར་གནམ་གྲུ་སྐོར་བསྐྱོད་ཀྱི་ཞབས་ཞུ་དེའི་ཆེད་དུ་བོད་པའི་བུད་མེད་བདུན་ཐེ་བའི་མི་གྲངས་༢༡ལ་རྒྱ་ནག་གི་ཅང་སོའུ་དང་། ཡོན་ནན་ཞིང་ཆེན་ནས་ཟླ་བ་བརྒྱད་རིང་སྦྱོང་བརྡར་སྤྲོད་ཡོད་པ་རེད།
དེ་བཞིན་ལྷ་ས་ཚེ་མཆོག་གླིང་ལུང་གཤོངས་སུ་མཁའ་ལམ་འགྲུལ་བཞུད་ཀྱི་གནམ་ཐང་ཞིག་རྒྱག་བཞིན་པ་དེའི་ནང་ཐད་འཕུར་གནམ་གྲུ་༣༠ཙམ་ཤོད་ཚད་ཡོད་པའི་སྤྱི་ཟླ་བདུན་པ་ནང་དངོས་སུ་ཤར་གཏོང་གནང་རྒྱུ་རེད་འདུག
བོད་ཀྱི་རྒྱལ་ས་ལྷ་ས་དེ་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་གྱི་གྲོང་ཁྱེར་ཞིག་ཏུ་འགྱུར་རྒྱུ་ལ་ཡུལ་སྐོར་དང་དེ་བཞིན་ཛ་དྲག་གི་མྱུར་སྐྱོབ་སོགས་ཀྱི་ལས་དོན་ཆེད་དུ། ཐད་འཕུར་གནམ་གྲུའི་འགྲུབ་སྐྱོད་དེ་དགོས་ངེས་ཞིག་ཡིན་པ་དང་། དེ་བཞིན་ས་ཐོག་གི་སྐྱེལ་འདྲེན་ལས་གནམ་ཐོག་གི་སྐྱེལ་འདྲེན་དེ་སྟབས་བདེ་བ་དང་ཕན་ནུས་ཆེན་པོ་ཡོད་སྐོར་རྒྱ་ནག་གི་ནན་ཅིང་ལ་ཡོད་པའི་མཁའ་ལམ་ཚོང་ལས་སྡེ་ཚན་གྱི་འགན་འཛིན་བཞོན་པ་སྐུ་ཞབས་Liu ལགས་ཀྱིས་བརྗོད་འདུག
གཞན་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་གྱི་ལས་དོན་ཚགས་ཚུད་བཏང་ནང་བོད་མིའི་འཚོ་བའི་ཐད་ཁེ་ཕན་ཡོང་གི་མེད་པ་སྐྱོན་བརྗོད་བྱེད་མཁན་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༥ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་གིས་གཞི་རྒྱ་གཞི་ཆེ་བའི་ཡར་རྒྱས་འཛུགས་སྐྲུན་གྱི་ལས་གཞི་བརྒྱུད་ནས་གྲོང་གསེབ་བོད་མིའི་གཞི་རྩའི་འཚོ་གནས་དང་། བདེ་འཇགས་ལ་སྣང་ཆུང་བྱས་རྐྱེན། བོད་ཁུལ་གྱི་ས་ཆ་གང་མང་ལ་རང་བྱུང་ཐོན་ཁུངས་ཕྱུག་ཀྱང་ས་གཤིས་དང་སྐྱེས་ཁམས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་རྐྱེན་ད་ལྟའི་ཆར་བོད་མིའི་འཚོ་བ་མུ་མཐུད་ཉམས་ཞན་དང་སྐྱོ་བོའི་ངང་ཡོད་པ་བརྗོད་འདུག།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།