བློ་བཟང་རྒྱ་མཚོ་ལཊ་བཙོན་གྲོལ་བྱུང་ནས་ཕ་ཡུལ་དུ་འབྱོར་འདུག

2017-04-20
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བཙོན་གྲོལ་བྱུང་མ་ཐག་པའི་རྔ་བ་ཀིརྟི་དགོན་པའི་བློ་བཟང་རྒྱ་མཚོ་ལགས། ༢༠༡༧།༤།༡༩
བཙོན་གྲོལ་བྱུང་མ་ཐག་པའི་རྔ་བ་ཀིརྟི་དགོན་པའི་བློ་བཟང་རྒྱ་མཚོ་ལགས། ༢༠༡༧།༤།༡༩
བོད་འབྱོར།

རྔ་བ་ཀིརྟི་དགོན་པའི་བློ་བཟང་རྒྱ་མཚོ་ལགས་ལོ་གསུམ་གྱི་བཙོན་འཇུག་དུས་ཡུན་གཙང་ནས་ཟི་ཁྲོན་ཏཱ་ཡཱང་བཙོན་ཁང་ནས་བཙོན་གྲོལ་བྱུང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། དེ་སྔ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་བ་མདོ་སྨད་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་རྒྱ་མཚོ་ལགས་སྤྱི་ལོ་༢༠༡༧་ལོའི་ཟླ་༤་ཚེས་༡༩་ཉིན་མི་ལོ་གསུམ་གྱི་བཙོན་འཇུག་གི་དུས་ཡུན་གཙང་ནས་ཟི་ཁྲོན་ཏཱ་ཡཱང་བཙོན་ཁང་ནས་གློད་གྲོལ་བྱུང་བ་དང་ཕྱིར་ཕ་ཡུལ་དུ་འབྱོར་ཡོད་པ་རེད། ཡིན་ན་ཡང་ཁོང་གི་སྐུ་གཟུགས་གི་གནས་སྟངས་སོགས་ཀྱི་ཐད་ད་དུང་གནས་ཚུལ་ཁ་གསལ་མི་འདུག
གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། ཁོང་གིས་དེ་སྔ་སྤྱི་ལོ་༢༠༡༤ ཟླ་ ༤ ཚེས་ ༢ ཉིན་རྔ་བ་རྫོང་ཐོག་གི་གཞུང་ལམ་དུ་ཐོན་ཏེ། ལག་པས་བོད་ཀྱི་རྒྱལ་དར་ཞིག་བཟུང་སྟེ། ༼བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས།༽ཞེས་སྐད་འབོད་གནང་ཡོད་ཀྱང་། སྐབས་དེར་རྒྱ་ནག་གཞུང་ཉེན་རྟོག་པས་ཤེས་རྟོགས་བྱུང་མེད་ཀྱང་ལོ་དེའི་ཕྱི་ཟླ་༤ ཚེས་ ༡༥ ཉིན་ཉེན་རྟོག་པ་དགོན་པར་ཡོང་ནས་ཁོང་འཛིན་བཟུང་བྱས་བ་དང་། ༢༠༡༤་ལོའི་ཟླ་ ༡༡ ཚེས་ ༧ ཉིན་རྔ་བ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་གིས། རྒྱལ་ཁབ་ཁ བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་མི་ལོ་གསུམ་གྱི་དུས་བཀག་ཁྲིམས་ཐག་བཅད་ཡོད་པ་རེད།
དགེ་འདུན་པ་བློ་བཟང་རྒྱ་མཚོ་ལགས་ད་ལོ་དགུང་ལོ་ ༢༣ ཡིན་ཞིང་། རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པ་ནས་ཡིན་པ་རེད།
ཁོང་དང་མཉམ་དུ་མི་ལོ་གཉིས་ཀྱི་དུས་བཀག་ཁྲིམས་ཐག་བཅད་པའི་མདོ་སྨད་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་བསྟན་པ་ལགས། རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནང་ནར་མ་སོན་པའི་གཞོན་ནུའི་བཙོན་ཁང་ཟེར་བ་ནས་༢༠༡༦་ལོའི་ཟླ་༥་བའི་ཚེས་༥་ཉིན་གློད་གྲོལ་བྱུང་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།