རྩོམ་པ་པོ་བློ་མིག་ལ་མི་ལོ་བདུན་ལྷག་གི་ཁྲིམས་ཐག་བཅད་འདུག

2016-05-09
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བཙོན་འོག་གི་རྩོམ་པ་པོ་བློ་མིག་དང་ཁོང་གི་བརྩམས་ཆོས། ༢༠༡༦
བཙོན་འོག་གི་རྩོམ་པ་པོ་བློ་མིག་དང་ཁོང་གི་བརྩམས་ཆོས། ༢༠༡༦
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ

དེ་ཡང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་བཏང་བ་ལྟར་ན། རྔ་པ་ཀིརྟི་དགོན་པའི་གྲྭ་བ་རྩོམ་པ་པོ་ཇོ་བློ་བཟང་འཇམ་དབྱངས་(སྨྱུག་མིང་ལ་བློ་མིག) རང་ལོ་༢༨་ཡིན་པ་ཁོང་ལ་རྒྱ་གཞུང་གིས་ལོ་༧་དང་ཟླ་བ་༦་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག གནས་ཚུལ་ནང་། ཁོང་ལ་ཁྲིམས་ཐག་གཅོད་ས་དེ་རྔ་བ་རང་སྐྱོང་ཁུལ་ཝིན་ཁྲན་རྫོང་ཡིན་ཞིང་། ཕྱི་ལོ་༢༠༡༥་ཟླ་༤་ཚེས་༡༧་གྱི་མཚན་མོའི་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀ་ཙམ་ལ་རྔ་བ་རྫོང་མཁར་གྱི་སྲང་ལམ་ཞིག་ནས་ཉེན་རྟོག་པས་བཙན་ཁྲིད་ཀྱིས་བཀག་ཉར་བྱས་པ་ནས་ད་བར་ལོ་གཅིག་ལྷག་འགོར་ཡོད་ཀྱང་ཐག་གཅོད་གང་ཡང་མ་བྱས་པར་བཀག་ཉར་ཁང་གི་མནར་གཅོད་ཀྱི་རིམ་པ་དག་བརྒྱུད་དགོས་བྱུང་ཡོད་འདུག་ལ་ཁོང་ལ་ཁྲིམས་ཐག་གཅོད་སྐབས་ནག་ཉེས་ཅི་ཞིག་བགྲང་ཡོད་མེད་གསལ་པོ་ཤེས་རྟོགས་ཐུབ་མེད།  
ཡང་རྨེའུ་དཀོན་རྒྱམ་གྱི་འདི་གར་གནས་ཚུལ་བཏང་བ་ལྟར་ན། དེ་རིང་ཚེས་༩ཉིན་གཞི་ནས་ཁོང་གི་ནང་མི་ཁ་ཤས་ཟི་ཁྲོན་ཝིན་ཁྲན་མི་དམངས་ཁྲིམས་ཁང་ཟེར་བ་ནས་ཆུ་ཚོད་ཕྱེད་ཀའི་རིང་ཐུག་བཅུག་ཡོད་འདུག སྐབས་དེར་ཁོང་གིས་ནང་མི་ལ་བཤད་རྒྱུར་ཁོ་ཚོས་ང་ལ་༢༠༠༩ནས་བཟུང་སྟེ་༢༠༡༥བར་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱེད་མཁན་དང་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ནག་ཉེས་བཙན་འཁེལ་བྱས་རུང་ཁས་ལེན་རྩ་བ་ནས་བྱས་མྱོང་མེད་ཅེས་བརྗོད་འདུག ཁྲིམས་ཐག་ག་དུས་བཅད་མིན་ནང་མིར་ཁྲིམས་ཁང་གི་ངོས་ནས་གསལ་བཤད་གང་ཡང་མ་བྱས་པ་མ་ཟད། ཁྲིམས་ཐག་གཅོད་དུས་ནང་མི་ལ་བརྡ་ལན་ཙམ་ཡང་བྱས་མི་འདུག གཞན་ཡང་ཁྲིམས་རྩོད་པ་དང་ནང་མི་ཉེ་འབྲེལ་སོགས་ཁྲིམས་རྭར་སུ་གང་ཡོང་བཅུག་མེད་འདུག
རྩོམ་པ་པོ་ཇོ་བློ་བཟང་འཇམ་དབྱངས་སམ་བློ་མིག་ནི་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཇོ་ཚང་ནས་ཡིན་ཞིང་། ཕ་མིང་ལ་ཇོ་རྡོར་དང་། མ་མིང་ལ་འཛམ་དཀར་ཡིན་འདུག
ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཏེ། དེང་སྐབས་ཕར་ཕྱིན་འཛིན་གྲྭ་ཡིན་པ་དང་དེ་སྔོན་གསེར་རྟ་བླ་རུང་སྒར་དང་ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་ཟུར་ཞུགས་ཀྱིས་ཐུན་མོང་རིག་གནས་སོགས་ལ་སྦྱོང་བ་བྱེད་མྱོང་ཡོད་ཅིང་། གཏམ་བཤད་ཀྱི་བྱེད་སྒོ་མང་པོར་ཞུགས་མྱོང་ཡོད་པར་མ་ཟད། རྒྱུན་དུ་སྤྱི་ཚོགས་དཔྱད་རྗོད་ཀྱི་རྩོམ་ཡིག་དང་སྙན་ངག་མང་པོ་འབྲི་མཁན་ཞིག་ཀྱང་ཡིན་པར་མ་ཟད། བོད་ནང་གི་རྩོམ་བྲིས་རང་དབང་སོགས་ཀྱི་སྐོར་ནས་རྩོམ་ཡིག་ཁ་ཤས་ཀྱང་བྲིས་ཡོད་འདུག་ལ། <<ན་བུན་སེར་པོའི་འཕྱུར་སྟངས་>>ཞེས་པའི་སྙན་དེབ་ཅིག་པར་བསྐྲུན་བྱས་ཡོད་འདུག
ད་དུང་བརྩམས་ཆོས་སོགས་ཀྱི་ཐད་རྨེའུ་དཀོན་རྒྱལ་ལགས་ཀྱིས་བརྗོད་དོན། བོད་ནང་གི་མཆོད་མེ་དྲ་བ་དང་སེང་རྡོར་དྲ་བ། མཚོ་སྔོན་པོ་ཟིན་བྲིས་སོགས་སུ་ཆེད་རྩོམ་མང་པོ་སྤེལ་མྱོང་མཁན་ཞིག་ཡིན་འདུག ལྷག་པར་ཉེ་ཆར་ཁོང་གིས་༼ལྕགས་སྒྲོག་གིས་བཀྱིགས་པའི་གཏམ་རྒྱུད།༽ ༼རྔ་བའི་ཡི་གེ་བ་དག་ལ་མཚོན་གྱིས་བསྣུན་གྱིན་ཡོད།༽ ༼ང་མ་ཤི་བར་དུ་ལྟ་ཚུལ་བཤད་ཁོ་ཐག་ཡིན།༽ ཟེར་བ་སོགས་ཀྱི་རྩོམ་ཡིག་མང་པོ་ཞིག་སྤེལ་འདུག དམིགས་བསལ་བོད་ནང་གི་རྩོམ་པ་པོ་སྒོ་ཤེར་དང་སེང་རྡོར། དགུ་རུང་སྤུན་གྲོལ་དང་ཞོགས་ལྗང་སོགས་དང་ལྷན་དུ་༼ཟི་ལིང་གཟའ་ཉི་མའི་ཁ་བརྡ་༽སོགས་ཀྱིས་མཚོན་པའི་མཚོ་སྔོན་དགེ་འོས་སློབ་ཆེན་སོགས་ནས་བགྲོ་གླེང་མང་པོ་བྱས་མྱོང་ཡོད་འདུག མ་ཟད་ཐོག་དང་པོར་རྔ་བ་རང་ནས་ཀྱང་༼རང་གྲོལ་བསྐྱར་ཞིབ་༽དང་༼གཟའ་ཉི་མའི་ཁ་བརྡ།༽ཟེར་བའི་བགྲོ་གླེང་གསར་འཛུགས་བྱས་ཏེ་གཞོན་སྐྱེས་མང་པོར་ཤུགས་རྐྱེན་ཆེན་པོ་ཐེབས་འདུག གཞན་རྨེའུ་རུ་མ་ནས་ཀྱང་༼སྨྲ་བརྗོད་མེད་པའི་འུ་ཅག་༽ཟེར་བའི་དམངས་ཚོགས་དང་མཉམ་དུ་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་འདུག།

གསར་འགོད་པ་ཀླུ་འབུམ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།