བཙོན་གྲོལ་བཏང་རྗེས་འགྲོ་ས་མེད་པ་བཟོས་འདུག

བློ་བཟང་དབང་ཕྱུག་ལགས་བཙོན་ཁང་ནས་གློད་བཀྲོལ་བཏང་རྗེས་དགོན་པ་ནས་ཀྱང་ཕྱིར་འབུད་བྱས་ནས་ལོག་ས་མེད་པ་སོགས་སྔ་རྗེས་ཐེངས་གཉིས་ཙམ་བཙོན་དུ་ཚུད་ནས་དཀའ་སྡུག་ཚོད་མེད་མྱང་དང་མྱོང་བཞིན་འདུག
2012-12-07
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།    །བོད་ནང་གི་ཆབ་སྲིད་བཙོན་པ་ཚོར་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད་པའི་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག   ཕྱི་ལོ་༡༩༨༨ལོ་ནས་བཟུང་སྔ་རྗེས་སུ་བཙོན་འཇུག་དང་སྡུག་སྦྱོང་ཚད་མེད་ཕོག་པའི་ཆབ་སྲིད་བཙོན་པ་འབྲས་སྤུངས་དགོན་པའི་གྲྭ་བློ་བཟང་དབང་ཕྱུག་ལགས་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་སླར་ཡང་འཇུ་བཟུང་བྱས་ནས་དུས་ཡུན་ལོ་གཉིས་ཙམ་བཙོན་འཇུག་བྱས་རྗེས་ལུས་པོ་གཅོང་ཅན་དུ་གྱུར་ནས་གློད་བཀྲོལ་བཏང་ཡང་དགོན་པ་ནས་ཕྱིར་འབུད་བྱས་པ་དང་། ཁོང་གི་ཐེམ་ཐོ་དགོན་པ་ནས་ཁོང་གི་སྐྱེས་ཡུལ་བར་བསྐོར་ཨུ་ཡོན་ལྷན་ཁང་ཁོངས་བསྒྱུར་ཐབས་བྱ་སྐབས། བར་བསྐོར་ཨུ་ཡོན་ལྷན་ཁང་ནས་ཆབ་སྲིད་ཀྱི་གནད་དོན་ཡོད་རྐྱེན་ཁས་ལེན་བྱ་ཐབས་མེད་པ་བརྗོད་དེ་རང་ཁྱིམ་དུ་ལོག་ཡུལ་མེད་པར་ལྷ་སའི་པ་རིའི་ཁུག་ཁུལ་དུ་ཁང་གླ་ལེན་ནས་རང་འཚོ་ཐུབ་ཐབས་བྱེད་བཞིན་ཡོད་ཀྱང་།  ལྷ་སའི་ནུབ་ཕྱོགས་མངགས་གཏོང་ཁང་སོགས་ནས་རྟག་ཏུ་འདྲི་རྩད་དང་བསུན་གཙེར་ཐེངས་མང་ཟོ་བཞིན་ཡོད་པས་མ་ཟད།  བཙོན་དུ་སྔ་རྗེས་ཚུད་སྐབས་ཉེས་བརྡུང་རྐྱེན་པས་ལུས་པོ་གཅོང་ཅན་དུ་གྱུར་ཟིན་པ་སོགས་གནས་སྟངས་ཧ་ཅང་སྐྱོ་པོའི་ཐོག་ལུས་ཡོད་པ་རེད་འདུག


བློ་བཟང་དབང་ཕྱུག་གམ་ཆོས་མིང་འཇམ་དཔལ་བློ་གསལ་ལགས་ནི། ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༠ཉིན་འབྲས་སྤུངས་དང་སེ་ར་དགོན་པའི་དགེ་འདུན་ཚོས་སྔ་རྗེས་སུ་ཞི་བའི་སྐད་འབོད་གནང་བ་སོགས་ལ་བརྟེན།    དགེ་འདུན་པ་མང་པོ་འཛིན་བཟུང་བྱེད་པའི་སྐབས་བློ་བཟང་དབང་ཕྱུག་ལགས་ཀྱང་འཛིན་བྱས་ཡོད་ཅིང་།  ཁོང་འཛིན་བཟུང་བྱས་རྗེས་༧གོང་ས་མཆོག་གི་སྐུ་པར་དང་བཀའ་སློབ་འཁོར་ཐག་ཉར་འཇོགས་གནང་བ་སོགས་ཉེས་མིང་དུ་རྩིས་ཏེ་ལོ་གཉིས་རིང་གཞིས་ཀ་རྩེ་ས་ཁུལ་ཉ་རི་བཙོན་ཁང་དུ་བཙོན་བཅུག་བྱས་ཡོད་པ་དང་། བཙོན་ཁང་ནས་གློད་བཀྲོལ་བཏང་རྗེས་ དགོན་པ་ནས་ཀྱང་ཕྱིར་འབུད་བྱས་ནས་ལོག་ས་མེད་པ་སོགས་དེ་ལྟ་བུའི་སྔ་རྗེས་ཐེངས་གཉིས་ཙམ་བཙོན་དུ་ཚུད་ནས་དཀའ་སྡུག་ཚོད་མེད་མྱང་དང་མྱོང་བཞིན་པ་ནི་ཁོང་གཅིག་པུ་མིན་པར་བོད་ཁྱོན་ཡོངས་སུ་ཆབ་སྲིད་བཙོན་པ་ཚང་མར་འཕྲད་བཞིན་པའི་དཀའ་ངལ་ཞིག་ཆགས་ཡོད་པ་རེད།།