བློ་གསལ་ལཊ་ཀྱིས་གཅན་ཚ་རྫོང་ཐོག་ནས་རང་ལུས་མེར་བསྲེཊ་འདུག

མདོ་སྨད་རྨ་ལྷོ་གཅན་ཚ་ནས་དགེ་འདུན་པ་འཇམ་དབྱངས་བློ་གསལ་ལགས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་འདུག

དགེ་འདུན་པ་འཇམ་དབྱངས་བློ་གསལ་ལགས་ཀྱི་ཉེ་པར།

མདོ་སྨད་རྨ་ལྷོ་གཅན་ཚ་ནས་དགེ་འདུན་པ་འཇམ་དབྱངས་བློ་གསལ་ལགས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༧་ལོའི་ཟླ་༥་བའི་ཚེས་༡༩་ཉིན་གྱི་ཞོགས་པར། དགེ་འདུན་པ་འཇམ་དབྱངས་བློ་གསལ་ལགས་ཀྱིས་གཅན་ཚ་རྫོང་ཐོག་གི་མི་དམངས་སྨན་ཁང་གི་ཉེ་འཁྲིས་སུ་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁོང་གི་སྐུ་ཕུང་གཅན་ཚ་རྫོང་གི་ཉེན་རྟོག་པས་འཁྱེར་ཡོད་འདུག་ལ་དེ་མ་ཐག་རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་དམག་མིས་ས་གནས་སུ་དམ་དྲག་བྱས་འདུག ཁོང་གི་ནང་མི་རྣམས་གཅན་ཚ་རྫོང་ཉེན་རྟོག་ལས་ཁུངས་སུ་ཁོང་གི་སྐུ་ཕུང་ལེན་དུ་ཕྱིན་ཡོད་ཀྱང་རྩིས་སྤྲད་མི་འདུག
དགུང་ལོ་༢༢་ཡིན་པའི་བློ་གསལ་ལགས་ནི་མདོ་སྨད་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་གི་སྣང་ར་ཡུལ་ཚོའི་གྱེར་སྟེང་དགོན་པའི་ཨ་ཁུ་བཤད་སྒྲུབ་ཀྱི་དགེ་ཕྲུག་ཡིན་ཞིང་ཕ་ཡུལ་གཅན་ཚ་རྫོང་སྣང་ར་ཡུལ་ཚོའི་མདོང་རྒྱ་སྡེ་བ་ནས་ཡིན་པ་རེད།     
སྤྱི་ལོ་༢༠༠༩ ལོ་ནས་ད་བར་བོད་ས་ཁྱོན་ཡོངས་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་མི་འདོད་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ནས་རང་ལུས་མེར་སྲེག་གནང་མཁན་མི་གྲངས་༡༥༠་བྱུང་ཡོད་འདུག
གྱེར་སྟེང་དགོན་པ་ནི་གཅན་ཚ་རྫོང་ཐོག་ནས་ལྷོ་ཕྱོགས་སུ་སྤྱི་ལེ་༣༠་ཡས་མས་སུ་ཆགས་ཡོད་པ་དང་། དགོན་པ་དེའི་དགོན་བདག་ནི་ལ་མོ་སྐུ་ཞོགས་གྲགས་རྒན་ཚང་ཡིན་ཞིང་ད་ལྟ་དགོན་པ་དེར་སློབ་གཉེར་གནང་མཁན་གྱི་གྲྭ་བ་ཉི་ཤུ་ལྷག་ཡོད་པ་རེད།   

གསར་འགོད་པ་སངས་རྒྱས་རྒྱ་མཚོ།