ཟི་ཁྲོན་ཞིང་ཆེན་གྱི་འགོ་གཙོ་ཁག་སང་ཉིན་བླ་རུང་སྒར་ལ་ཡོང་རྒྱུ་རེད།


2017.03.29
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པའི་ཡུལ་དངོས། ༢༠༡༧།༣།༢༨ རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པའི་ཡུལ་དངོས། ༢༠༡༧།༣།༢༨
བོད་འབྱོར།/RFA

གསེར་རྟ་བླ་རུང་སྒར་གྱི་ཁང་པ་མུ་མཐུད་ནས་རྒྱ་ཆེར་གཏོར་བཞིན་པ་དང་ཟི་ཁྲོན་ཞིང་ཆེན་གྱི་འགོ་གཙོ་ཁག་སང་ཉིན་གསེར་རྟར་འབྱོར་རྒྱུ་རེད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་ ༣ ཚེས་ ༣༠་ཉིན་ཟི་ཁྲོན་ཞིང་ཆེན་གྱི་འགོ་གཙོ་ཡེ་ལེ་སོགས་རྒྱ་ནག་གི་མཐོ་རིམ་མི་སྣ་ཁག་གཅིག་དེང་སྐབས་རྒྱ་ནག་གིས་རྒྱ་ཆེར་གཏོར་བཞིན་པའི་གསེར་རྟ་བླ་རུང་སྒར་རུ་འབྱོར་རྒྱུ་ཡིན་འདུག
སྤྱི་ཚེས་༢༤་ཉིན་ནས་འགོ་བཙུགས་ཏེ་རྒྱ་ནག་གཞུང་གི་ལས་དོན་རུ་ཁག་གི་མི་སྣ་དང་། ལས་བཟོ་བ། ཉེན་རྟོག་པ་སོགས་རུ་ཁག་ཚན་པ་འདྲ་མིན་དྲུག་ཙམ་གསེར་རྟ་བླ་རུང་སྒར་ལ་འབྱོར་ནས་བླ་རུང་སྒར་གྱི་གཙུག་ལག་ཁང་ཀུན་དགའ་ར་བའི་རྒྱབ་ཀྱི་དགེ་འདུན་པའི་གྲྭ་ཤག་ནས་མུ་མཐུད་དུ་ཁང་པ་གཏོར་བཤིག་གི་ལས་དོན་རིམ་པ་གཉིས་པ་སྤེལ་འགོ་བརྩམས་རྗེས་ཟི་ཁྲོན་ཞིང་ཆེན་གྱི་དཔོན་རིགས་ཁུལ་དེར་ཡོང་པ་ཐོག་མ་དེ་ཆགས་རྒྱུ་ཡིན་འདུག
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་ནས་ཁྱོན་བསྡོམས་གྲྭ་བཙུན་ ༤༨༢༨ ཕྱིར་ཕུད་གཏོང་རྒྱུའི་འཆར་གཞི་ཡོད་པ་ནས་མང་ཆེ་བ་ཕྱིར་ཕུད་ཟིན་ཞིང་། ཁང་པ་ཁྱོན་བསྡོམས་ ༤༧༢༥ གཏོར་རྒྱུའི་འཆར་གཞིའི་ཁོངས་ནས་མང་ཆེ་བ་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོའི་ཟླ་བ་གཉིས་ཀྱི་ནང་གཏོར་ཟིན་པ་དང་། ལྷག་འཕྲོ་ཁང་པ་གཉིས་སྟོང་མ་ཟིན་ཙམ་ཞིག་འདི་ལོ་ཕྱི་ཟླ་བཞི་པ་མ་རྫོགས་གཏོར་ཟིན་པ་བྱེད་རྒྱུ་ཡིན་འདུག
འདི་ཚེས་༢༩་ཉིན་གསེར་རྟ་སྒར་གྱི་མཁན་པོ་གཙོ་གྲས་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གྲྭ་བཙུན་སྤྱི་ཡོངས་ལ། སྤྱི་ལོ་༢༠༡༦་དང་༢༠༡༧་ལོ་འདི་ནི་གསེར་རྟ་བླ་རུང་སྒར་ལ་ཆ་བཞག་ན་ཆེ་ཛ་དྲག་གི་གནས་སྟངས་དང་། གྲྭ་བཙུན་སྤྱི་ཡོངས་ཀྱི་ལུས་སེམས་གཉིས་ལ་དཀའ་སྡུག་ཆེ་བའི་དུས་སྐབས་ཞིག་ཏུ་གྱུར་ཡང་དེ་ནི་གོང་རིམ་གྱི་བཀའ་ལྟར་ལྡོག་ཏུ་མེད་པའི་ལས་དོན་ཞིག་ཡིན་པས་གྲྭ་བཙུན་ཚང་མས་མུ་མཐུད་དུ་བཟོད་སྒོམ་ཆེན་པོ་གནང་དགོས་བའི་སྐུལ་མ་གནང་འདུག
གནས་ཚུལ་རྩད་གཅོད་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་གསེར་རྟ་བླ་རུང་སྒར་གཏོར་བཤིག་བཏང་དང་གཏོང་བཞིན་པའི་དམིགས་ཡུལ་གཙོ་བོ་ནི་མེ་འགོག་བདེ་འཇགས་དང་། གཞུང་ལམ་སོགས་ཡར་རྒྱས་འཛུགས་བསྐྲུན་ཆེད་ཡིན་ལུགས་བརྗོད་བཞིན་ཡོད་ཀྱང་། དཔོན་རིགས་ནང་ཁུལ་གྱི་སྐད་ཆའི་སྐབས་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་དམིགས་ཡུལ་གཙོ་བོ་ནི་མི་འབོར་ཁྲི་ཚོ་བརྒལ་བའི་ཆོས་སྒར་དེ་ནས་མ་འོངས་པར་ཆབ་སྲིད་ཀྱི་གནད་དོན་རིགས་མི་ཡོང་བའི་ཆེད་ཡིན་པ་བརྗོད་བཞིན་ཡོད་འདུག
གསེར་རྟ་བླ་རུང་སྒར་གཏོར་བཤིག་གི་གནས་ཚུལ་ཐད་དབུས་བོད་མིའི་སྒྲིག་འཛུགས་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་། དེ་བཞིན་ཨ་རི་སོགས་ཡུལ་གྲུ་འདྲ་མིན་གྱི་གཞུང་དང་ཚོགས་སྡེ་ཁག་གིས་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎