ཕྱི་མི་སྐྱབས་བཅོལ་བ་ཚོར་མཐོང་ཆུང་དང་ཁྱད་གསོད་བྱས་ན་འགྲིག་གི་མ་རེད།


2017.09.18
༧གོང་ས་མཆོག་ཨི་ཊ་ལིའི་གྲོང་ཁྱེར་(Sicily)་ནང་། ༢༠༡༧།༩།༡༦ ༧གོང་ས་མཆོག་ཨི་ཊ་ལིའི་གྲོང་ཁྱེར་(Sicily)་ནང་། ༢༠༡༧།༩།༡༦
OHHDL

བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ནས་གནས་སྤོས་དང་སྐྱབས་བཅོལ་ཞུ་བར་སླེབས་མཁན་ཚོར་མཐོང་ཆུང་དང་ཁྱད་གསོད་བྱས་ན་འགྲིག་གི་མ་རེད་གསུངས་འདུག
དེ་ཡང་ཨེ་ཊ་ལིའི་གྲོང་ཁྱེར་(Palermo)་ནང་ཕྱི་ཚེས་༡༨་ཉིན་གསར་འགོད་པར་བཀའ་བསྩལ་དོན་དུ། ཕྱི་རྒྱལ་ཁབ་ཁག་གིས་ཕྱི་མི་ཡུལ་གྱར་བ་ཚོའི་ཆོས་དད་དང་ཤ་མདོག་ལ་བལྟས་ནས་མཐོང་ཆུང་བྱས་ན་འགྲིག་གི་མེད་པ་མ་ཟད། ཁོང་ཚོར་སྤུན་མཆེད་དང་མིང་སྲིང་གི་འདུ་ཤེས་འཛིན་དགོས་པ་དང་། བྱམས་དང་སྙིང་རྗེའི་ཡུལ་དུ་འགྱུར་དགོས་པ་ཡིན། སྐྱབས་བཅོལ་གྱི་གནས་བབ་སྤྲོད་མཁན་གྱི་རྒྱལ་ཁབ་དག་གིས་ཕྱི་ནས་ཡོང་མཁན་ཡུལ་གྱར་བ་ཚོའི་ཕྲུ་གུ་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་གནང་དགོས་པའི་ཁར་ལོ་ཚོད་དར་ལ་བབ་པ་ཚོར་འཕྲུལ་རིག་སྦྱོང་བརྡར་སོགས་ཀྱི་གོ་སྐབས་སྤྲོད་ཐུབ་པ་ཡིན་ན་ནམ་ཞིག་རང་ཡུལ་དུ་ལོག་དུས་ཕན་ཐོག་ཡོང་གི་རེད་ཅེས་བཀའ་བསྩལ་གནང་མཛད་ཡོད་པ་རེད།
༧གོང་ས་མཆོག་གིས་མུ་མཐུད་བཀའ་གནང་དོན། སྐྱབས་བཅོལ་གྱི་གནས་སྟངས་ཛ་དྲག་ཆགས་དུས་འཇར་མན་གྱི་དབུ་ཁྲིད་(Angela Merkel)་མཆོག་གིས་བྱམས་སྙིང་རྗེའི་བློ་སྐྱེས་ནས་སྐྱབས་བཅོལ་བ་ཚོར་ཕན་བཏགས་ཡོད་པ་རེད་ལ་འཇར་མན་གྱིས་འཛམ་གླིང་འདི་བཞིན་ཞི་བདེ་བག་ཕེབས་དང་བྱམས་བརྩེའི་འཛམ་གླིང་ཞིག་བསྐྲུན་པར་ལེགས་སྐྱེས་བཟང་པོ་ཞིག་འཇོག་ཐུབ་ཀྱི་རེད་སྙམ་གྱི་ཡོད་ཅེས་དང་། ཡང་གོང་ས་མཆོག་གིས་དེང་སང་འཛམ་གླིང་འདིར་ཆོས་པ་ཡིན་མཁན་མང་ནས་མང་དུ་འགྲོ་གི་ཡོད་ནའང་ཁག་གཅིག་གིས་ཆོས་ལུགས་ཁ་ལ་འཁྱེར་ནས་རྙོག་དྲ་བཟོ་གི་འདུག་ལ་གལ་ཆེ་བ་ཞིག་ནི་ནང་སེམས་ཀྱི་རིན་ཐང་འདི་ཉིད་གོང་འཕེལ་གཏོང་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན། དེའང་ཚན་རིག་རང་བཞིན་གྱི་སློབ་གསོ་ལ་གཞི་བཅོལ་དགོས་པ་ལས་དད་མོས་ལ་གཞི་བཅོལ་བ་དེ་འདྲ་མ་ཡིན་པ་ཞིག་དགོས་ཞེས་བཀའ་བསྩལ་གནང་མཛད་ཡོད་པ་རེད།
ཕྱི་ཚེས་༡༦་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་གྲོང་ཁྱེར་(Sicily)་ནང་ཆིབས་བསྒྱུར་གནང་སྐབས་གྲོང་ཁྱེར་(Messina)་ཡི་གྲོང་ཁྱེར་སྤྱི་ཁྱབ་(Renato Accorinti)་ལགས་དང་། གྲོང་ཁྱེར་ལྷན་ཁང་གི་འཛིན་སྐྱོང་དྲུང་ཡིག་ཆེན་མོ་ལྕམ་(Loredana Carrara)་བཅས་ཕེབས་བསུར་བཅར་ཞིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སླར་ཡང་མངའ་སྡེ་འདིའི་ནང་ཆིབས་བསྒྱུར་ཞབས་སོར་འཁོད་པར་ཐུགས་རྗེ་ཆེ་ཞུས་གནང་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་ཕན་ཚུན་ལྟོས་གྲུབ་དང་བྱམས་བརྩེའི་སྤྱོད་བཟང་སྐོར་བཀའ་སློབ་བསྩལ་རྗེས། མང་ཚོགས་ཀྱི་དྲི་བར་བཀའ་ལན་གནང་བའི་ནང་། སྤྱིར་བཏང་བོད་མི་རྣམས་གཞན་དང་མི་འདྲ་བར་བློ་བདེ་པོར་དགའ་ཉམས་ངང་གནས་པའི་རྒྱུ་མཚན་ནི། བོད་ཡུལ་ནི་ཡངས་ཞིང་རྒྱ་ཆེ་ལ་མིའི་གྲངས་འབོར་ཉུང་ཡང་བོད་མིའི་སྙིང་སྟོབས་ནི་ཆེན་པོ་ཡོད་པ་དང་། རྒྱ་གར་བྱང་ཕྱོགས་ཀྱི་རི་ཁྲོད་ལ་གནས་པའི་ཡུལ་མི་བཞིན་བོད་མི་ཚོས་ཀྱང་ནང་གི་སྒོ་མ་རྒྱབ་པར་ཕྱི་ནས་སུ་སླེབས་ཀྱང་ཕེབས་བསུ་ཞུ་གི་རེད་ཅེས་གསུངས་འདུག
དེ་བཞིན་༧གོང་ས་མཆོག་གིས་མགོན་པོ་ཉིད་སྐུ་སྒེར་ལ་མཚོན་ཀྱང་ཁྱིམ་ཚང་ནང་གཅུང་པོ་དང་གཅུང་མོ་ལྷན་དུ་དུས་རྟག་ཏུ་དགོད་དྲོ་དང་གཞད་གད་སློང་ནས་དགའ་ཞིང་སྤྲོ་བའི་ངང་བཞུགས་ཀྱི་ཡོད་པ་དང་། ༧གོང་ས་མཆོག་དགུང་ལོ་༥་ལ་ཕེབས་སྐབས་ཏཱ་ལའི་བླ་མའི་ཡང་སྲིད་དུ་ངོས་འཛིན་ཞུས་ནས་ནང་མི་བཞག་ནས་ལྷ་སར་ཕེབས་དགོས་ཆགས་ཡོད་ལུགས་སོགས་གསུངས་འདུག
ཡང་བདེ་སྐྱིད་སྐོར་བཀའ་འདྲི་ཞུས་པའི་བཀའ་ལན་དུ། བདེ་སྐྱིད་ནི་ང་ཚོར་དགོས་པ་བཞིན་ ཁྱི་དང་ཞི་མི་སོགས་སེམས་ཅན་ཚང་མར་དགོས་པ་ཞིག་ཡིན་ཀྱང་བདེ་སྐྱིད་སྐོར་གོ་རྟོགས་མིས་མ་གཏོགས་སེམས་ཅན་གྱིས་ཤེས་ཀྱི་མེད་པ་དང་། བྱམས་དང་བརྩེ་བས་རང་སོ་སོར་ཡིད་ཆེས་ཆེ་རུ་འགྲོ་བ་དང་། རླུང་དང་ཞེད་སྣང་སོགས་ཆུང་དུ་ཕྱིན་ནས་བདེ་སྐྱིད་མེད་པ་བཟོ་མཁན་ཁོང་ཁྲོ་མེད་པ་བཟོ་གི་རེད་ཅེས་བཀའ་གནང་འདུག
ཡང་ཨི་ཊ་ལིའི་(Taormina)་གྲོང་ཁྱེར་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་དེའི་མི་སེར་གྱི་མཚན་བསྟོད་གཟེངས་རྟགས་ཡང་ཕུལ་འདུག་ཅིང་ཕྱི་ཚེས་ ༡༧ ་ཉིན་ (Messina)་གྲོང་ཁྱེར་ནང་གི་ལོ་རྒྱུས་རང་བཞིན་ལྡན་པའི་(Vittorio Emanuele)་ཞེས་པའི་ཚོགས་ཁང་དེའི་ནང་གྲོང་ཁྱེར་ལས་ཁུངས་ཀྱི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བདེ་དང་དྲང་བདེན། འཚེ་མེད་ཞི་བའི་དེད་དཔོན་གྱི་མཚན་བསྟོད་བྱ་དགའ་འབུལ་འདུག
ཕྱི་ཚེས་ ༡༨ ་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སི་སི་ལིའི་གྲོང་ཁྱེར་(Palermo) འི་ནང་ཞབས་སོར་འཁོད་གནང་མཛད་ནས་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་སྐོར་བཀའ་སློབ་གསུང་བཤད་སྩོལ་རྒྱུའི་མཛད་འཆར་ཡོད་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ་དང་། བོད་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎