སོག་པོའི་སྲིད་འཛིན་ཟུར་པར་ལྐོག་ཟའི་ཉེས་བཙུགས།

སོག་པོའི་སྲིད་འཛིན་ཟུར་པ་ནམ་སྦར་ཨེཀ་སྦ་ཡར་མཆོག་གིས་ལྐོག་ཟ་བྱས་པའི་ཁྲིམས་གཏུགས་བྱ་རྒྱུ་དེ་གནས་སྐབས་ཕྱིར་འགྱངས་བྱ་རྒྱུ།
2012-06-04
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎སོག་པོའི་སྲིད་འཛིན་ཟུར་པ་ནམ་སྦར་ཨེཀ་སྦ་ཡར་མཆོག་གི་ཁྲིམས་རྩོད་པས་སྲིད་འཛིན་ཟུར་པ་མཆོག་གིས་འབོད་སྐུལ་ཞུས་པ་བཞིན་ ཁོང་གིས་ལྐོག་ཟ་བྱས་པའི་ཁྲིམས་གཏུགས་བྱ་རྒྱུ་དེ་གནས་སྐབས་ཕྱིར་འགྱངས་བྱ་རྒྱུར་ཁྲིམས་ཁང་ནས་བཀའ་ཁྲོལ་གནང་ཡོད་པ་དང་ སྤྱིར་བཏང་ཁོང་ལ་གྱོད་འཛུགས་བྱས་པ་དེ་ཚོ་ནི་ཆབ་སྲིད་ཀྱི་ཀུན་སློང་ཐོག་ནས་ ནག་ཉེས་མེད་པའི་མི་ཞིག་ལ་ནག་ཉེས་བཟོ་ཐབས་བྱས་པ་ཞིག་ཡིན་ལུགས་གསུང་བཞག།

ཕྱི་ཟླ་བཞི་པའི་ནང་སོག་པོའི་སྲིད་འཛིན་ཟུར་པ་ནམ་སྦར་ཨེཀ་སྦ་ཡར་མཆོག་ཁོང་རང་གི་གཟིམ་ཁང་ནས་འཛིན་བཟུང་བྱས་ཏེ་ ཁོང་དེ་སྔ་སྲིད་བློན་དང་ སྲིད་འཛིན་གྱི་ཕྱག་ལས་གནང་བའི་སྐབས་ ལྐོག་ཟ་དང་ལྐོག་རྔན་ལེན་པ་སོགས་ཀྱི་གྱོད་གཞི་དོན་ཚན་ཁག་ལྔ་བཙུགས་ནས་བཙོན་བཅུག་བྱས་ཡོད་པ་རེད། སྲིད་འཛིན་ཟུར་པ་ཨེཀ་སྦ་ཡར་མཆོག་གིས་ ནག་ཉེས་དེ་ཚོར་ངོས་ལེན་མ་གནང་བར་ངོ་རྒོལ་མཚོན་ཆེད་ཉིན་༡༢ཙམ་རིང་ཟས་བཅད་ངོ་རྒོལ་གནང་ཡོད་པ་དང་ དངོས་འབྲེལ་བྱས་ན་ཕྱི་ཟླ་༥ཚེས་༢༤ཉིན་ཁྲིམས་གཏུགས་བྱ་རྒྱུ་ཡིན་ཡང་ ཁོང་གི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ནས་ཁྲིམས་བཤེར་གྱི་དུས་ཚེས་ཕྱིར་འགྱངས་བྱ་དགོས་བྱུང་ཡོད་ལུགས་ཁོང་གི་ཁྲིམས་རྩོད་པས་གསུང་བཞག། དེ་བཞིན་ཁོང་གི་ཁྲིམས་རྩོད་པས་ དལྟའི་འཆར་ཁོང་ལ་ནག་ཉེས་བཙུགས་པ་རྣམས་ཆབ་སྲིད་ཀྱི་ཀུན་སློང་ཐོག་ནས་ནག་ཉེས་བཙུགས་པ་ཞིག་ཡིན་པ་དང་ ནག་ཉེས་དེ་ཚོར་དཔྱད་ཞིབ་བྱ་ཆེད་དུས་ཚོད་དགོས་ལུགས་གསུང་བཞག།

དགུང་གྲངས་༥༤ལ་ཕེབས་པའི་སྲིད་འཛིན་ཟུར་པ་ཨེཀ་སྦ་ཡར་མཆོག་གིས་རྒྱལ་ཡོངས་འོས་བསྡུ་རན་པའི་སྐབས་སུ་ཁོང་གི་ཆབ་སྲིད་ཚོགས་པ་སོག་པོའི་མི་མང་གསར་བརྗེ་ཚོགས་པར་ཕམ་ཉེས་ཡོང་ཐབས་སུ་ཁོང་ལ་གཞི་མེད་པའི་ནག་ཉེས་དོན་ཚན་ལྔ་བཙུགས་པ་ཞིག་ཡིན་ལུགས་གསུང་འདུག་ལ་ སོག་པོའི་འོས་བསྡུ་ལས་ཁང་ནས་ཀྱང་སྲིད་འཛིན་ཟུར་པ་མཆོག་ལ་ཁྲིམས་ཐོག་ནས་གྱོད་གཞི་ཡོད་བཞིན་པར་སོང་ ཁོང་འོས་མིའི་ཁོངས་སུ་བཞེངས་ཆོག་གི་མ་རེད་ཅེས་གསུང་བཞག། ཁྲིམས་བཤེར་བྱ་རྒྱུའི་དུས་ཚེས་གསར་པ་ནི་ཕྱི་ཟླ་༦ཚེས་༡༢་ཉིན་གཏན་འཁེལ་གནང་བཞག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།