སྨན་བཅོས་སྐབས་མེ་མདའ་རྒྱབ་ནས་གྲོངས་འདུག།

བོད་ཀྱི་གདན་ས་དགའ་ལྡན་དགོན་པའི་དགེ་འདུན་པ་བསོད་ནམས་རྡོ་རྗེ་ཞེས་བ་ཉེ་ཆར་ལྷ་སར་སྨན་བཅོས་ཆེད་ཕེབས་སྐབས་གློ་བུར་མེ་མདའ་ཕོག་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག

2012.09.19

བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། བོད་དགའ་ལྡན་དགོན་པའི་དགེ་འདུན་པ་བསོད་ནམས་རྡོ་རྗེ་ལྷ་སར་སྨན་བཅོས་སུ་ཕེབས་དགོས་བྱུང་ཞིང་ཁོང་ལྷ་སར་འབྱོར་རྗེས། ཟླ་བ་འདིའི་ཚེས་༦ཉིན་རྒྱབ་ཆུ་ཚོད་བཞི་པ་ལྔ་པ་ཙམ་ལ་། ཁོང་ལྷ་སའི་བར་སྐོར་ཤར་ངོས་ཁྲེན་ཀོན་ཆུས་བུ་བཅོལ་ཁང་དང་པོའི་ཉེན་རྟོག་པའི་སྟབས་བདེའི་ས་ཚིགས་ཁུལ་དུ་ཡོད་སྐབས། གློ་བུར་དུ་ཁོང་གི་རྒྱབ་ནས་སྙིང་ཁར་མེ་མདའ་ཕོག་སྟེ། འཕྲལ་དུ་ལྷ་ས་གྲོང་ཁྱེར་གྱི་སྨན་ཁང་དུ་བསྐྱལ་ཡང་མྱུར་སྐྱོབ་མ་ཐུབ་པར་། འདས་གྲོངས་སུ་ཕེབས་ཡོད་པ་རེད་འདུག་ལ། ཁོང་ད་ལོ་དགུང་གྲངས་བཞི་བཅུར་ཕེབས་ཡོད་པ་རེད་འདུག

གནས་ཚུལ་ངོ་སྤྲོད་གནང་མཁན་དེས་གསུངས་ན། མེ་མདའ་ཆེད་མངགས་ཁོང་ལ་བརྒྱབ་པ་ཡིན་མིན་གནས་ཚུལ་གསལ་པོ་མེད་ན་ཡང་། སྐབས་དེ་དུས་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་བུ་བཅོལ་ཁང་དང་པོའི་ཉེན་རྟོག་པའི་སྟབས་བདེའི་ས་ཚིགས་ཀྱི་ཉེན་རྟོག་པའི་མེ་མདའ་ཁ་ཤོར་ཡོད་པའི་གནས་ཚུལ་ཞིག་བཤད་ཀྱི་ཡོད་པ་རེད་འདུག  ཉེན་རྟོག་པའི་མེ་མདའི་འོག་ནས་འདས་གྲོངས་སུ་གྱུར་བའི་དགའ་ལྡན་དགོན་པའི་སྐུ་ཞབས་བསོད་ནམས་རྡོ་རྗེ་ལགས་ནི་། ལྷ་ས་གྲོང་ཁྱེར་ཁོངས་ཀྱི་མལ་གྲོ་གུང་དཀར་རྫོང་། གུང་དཀར་གྲོང་བརྡལ་གྱི་བང་ང་གྲོང་ཆོ་ནས་ཡིན་ཞིང་། ཁོང་གི་ཕ་ཡི་མཚན་ལ་བྱམས་པ་ཞུ་བ་དང་དགུང་གྲངས་༧༧ལ་ཕེབས་ཀྱི་ཡོད་པ་རེད་འདུག  ཡང་ཤེས་རྟོག་བྱུང་བའི་གནས་ཚུལ་ལ་གཞིགས་ན། བསོད་ནམས་རྡོ་རྗེ་ལགས་འདས་གྲོངས་སུ་ཕེབས་པའི་གནས་ཚུལ་ཐོན་རྗེས། གཞུང་ཕྱོགས་ནས་ཉེན་རྟོག་པའི་མེ་མདའ་ཁ་ཤོར་བའི་སྐོར་གླེང་མི་ཆོག་པ་བཟོས་ཤིང་། ལྷ་སའི་ནང་དེའི་སྐོར་གླེང་མི་ཆོག་པ་བརྗོད་འདུག་ལ། འབྲེལ་ཡོད་གནས་ཚུལ་བཤད་མཁན་རེ་བཟུང་འཛིན་བཟུང་ཡང་བྱས་ཡོད་པ་རེད་འདུག  གཞན་ཡང་བསོད་ནམས་རྡོ་རྗེ་ལགས་ཀྱི་ཕུང་པོ་དགའ་ལྡན་དགོན་པས་རྩིས་ལེན་བྱེད་པར་བསྐྱོད་སྐབས་། དགོན་པར་བརྩིས་སྤྲོད་མ་བྱས་པར་། ཆེས་༧ཉིན་། མལ་གྲོ་གུང་དཀར་ལ་ཡོད་པའི་ནང་མིར་བརྩིས་སྤྲོད་བྱས་ཡོད་པ་མ་ཟད་། ནང་མི་དང་ཕ་མ་གཉིས་ལ་འཚོ་རྟེན་གུན་གསབ་བྱས་ནས་། བསོད་ནམས་རྡོ་རྗེ་ལགས་ནད་གཞིས་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད་པ་ལས་། མེ་མདའ་ཕོག་པའི་གནས་ཚུལ་ཕྱིར་བཤད་མི་ཆོག་པའི་བཙན་བཀའ་ཡང་བཏང་ཡོད་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎