གསེར་རྟ་ཆོས་སྒར་ནས་གཏན་སྡོད་མི་བྱེད་པའི་དམ་བཅའ་འཇོག་དགོས།

2016-10-31
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཕྱིར་ཕུད་ཟིན་པའི་གསེར་རྟ་ཆོས་སྒར་གྱི་གྲྭ་ཤག་ལ་རྒྱ་ནག་གིས་སྒོ་རྒྱབ་ཡོད་པ། ༢༠༡༦།༡༠།༣༠
ཕྱིར་ཕུད་ཟིན་པའི་གསེར་རྟ་ཆོས་སྒར་གྱི་གྲྭ་ཤག་ལ་རྒྱ་ནག་གིས་སྒོ་རྒྱབ་ཡོད་པ། ༢༠༡༦།༡༠།༣༠
བོད་འབྱོར།

རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་ནས་ཕུད་བཞིན་པའི་གྲྭ་བཙུན་ཚོར་རྗེས་མ་ཆོས་སྒར་ལ་འོང་ནས་གཏན་སྡོད་མི་བྱེད་པའི་དམ་བཅའ་འཇོག་འཇུག་བཞིན་པ་རེད།
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པ་དང་མཉམ་འདི་ཚེས་༣༠་ཉིན་མགོ་ལོག་ཕྱོགས་ཀྱི་དགེ་བཙུན་༤༠༠་ལྷག་དང་། ཡུལ་ཤུལ་ཕྱོགས་ཀྱི་དགེ་བཙུན་༣༠༠་བཅས་བསྡོམས་པས་ས་ཕྱོགས་འདྲ་མིན་གྱི་དགེ་འདུན་པ་དང་བཙུན་མ་མང་པོ་གསེར་རྟ་སྒར་ནས་ཕྱིར་ཕུད་བྱས་འདུག
ས་གནས་བོད་མི་ཞིག་གིས་བརྗོད་དོན། ཚེས་༣༠་ཉིན་ཕྱིར་ཕུད་ཆེད་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མིས་བཙན་ཁྲིད་བྱས་བའི་དགེ་འདུན་པ་དང་བཙུན་མ་དེ་ཚོ་ནི་ཕ་ཡུལ་ཁྱུང་མཆུ་རྫོང་དང་། ཡུལ་ཤུལ། མགོ་ལོག གོང་འཇོ། རྔ་བ། འཛམ་ཐང་བཅས་ས་ཁུལ་འདྲ་མིན་ནས་ཡིན་པ་དང་། ཉིན་དེར་ས་ཕྱོགས་དེ་དག་གི་ས་གནས་ཉེན་རྟོག་པ་དང་ལས་བྱེད་མི་སྣ་ཡོང་ནས་མི་འདོད་བཙན་གྱིས་མི་འགྲོ་དབང་མེད་གྱུར་བས་གྲྭ་བཙུན་ཚོས་ངུ་ངག་ཁྲོད་གསེར་རྟ་སྒར་དང་ཁ་བྲལ་བ་དང་ངུ་ངག་གིས་བསྐྱེལ་མ་བྱེད་པའི་ཚོར་སྣང་བརྗོད་ཐབས་དཀའ་བ་བརྗོད་བྱུང་།
ཡང་གནས་ཚུལ་ཡོང་ཁུངས་གཞན་ལྟར་ན། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་བཙུན་རྣམས་ཕྱིར་ཕུད་མ་བཏང་བའི་སྔོན། དམ་བཅའ་ཡི་གེ་ཞིག་ལ་མིང་རྟགས་འགོད་དུ་འཇུག་བཞིན་ཡོད་པ་དང་། དམ་བཅའ་ཡི་གེ་ཟེར་བ་དེའི་ནང་། གསེར་རྟ་རྫོང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་དྲིལ་བསྒྲགས་སྒྲིག་བཅོས་ལས་དོན་གྱི་བླང་བྱ་ལྟར། ང་རང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་ཁ་བྲལ་ཏེ་ཕ་ཡུལ་དུ་སླེབས་རྗེས། སྔར་ལྟར་རྒྱལ་གཅེས་ཆོས་གཅེས་དང་། སྡོམ་སྲུང་ཁྲིམས་བརྩི་བྱེད་པ་མ་ཟད། ཕྱིར་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་འོང་ནས་གཏན་སྡོད་མི་བྱེད་པའི་དམ་བཅའ་འཇོག་རྒྱུ་ཞེས་བོད་ཡིག་དང་རྒྱ་ཡིག་གཉིས་ཐོག་བྲིས་འདུག
དེ་བཞིན་ཡང་སོ་སོའི་ས་གནས་དང་འབྲེལ་ཡོད་ལས་ཁུངས་མཉམ་དམ་བཅའ་ཡི་གེ་གཞན་ཞིག་ཡོད་པའི་ནང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་ལ་སྲུང་སྐྱོབ་དང་། སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས་ཟིང་ཆ་བཟོ་བ་དང་ཟིང་ཆ་ལ་མི་ཞུགས་པ་སོགས་ཆབ་སྲིད་དང་འབྲེལ་བའི་དོན་ཚན་གསུམ་ལ་མིང་རྟགས་འགོད་བཅུག་ཡོད་པ་རེད།
རྒྱ་ནག་གི་འཆར་གཞི་ཡིག་ཆ་ལྟར་ན། སྤྱི་ལོ་༢༠༡༧་ཟླ་༩་ཚེས་༣༠་ནང་ཚུད་ལ་གསེར་རྟ་བླ་རུང་ཆོས་སྒར་གྱི་ཕྱིར་ཕུད་པའི་མི་གྲངས་དང་ཁང་པ་བཤིག་གྲངས་མཐུན་དགོས་པའི་ཐོག གསེར་རྟ་བླ་རུང་ཆོས་སྒར་དུ་བསྡོམས་མི་གྲངས་༥༠༠༠་ལ་ཚོད་འཛིན་བྱེད་རྒྱུ་ཡིན་པ་དང་། འདི་ལོར་ཕྱིར་འབུད་བྱ་རྒྱུའི་གྲྭ་པ་དང་བཙུན་མའི་མིང་ཐོ་རྣམས། གོང་རིམ་སྲིད་གཞུང་ལ་རྩིས་སྤྲོད་བྱས་ཏེ། ཕྱི་ཟླ་༡༠ཚེས་༣༠སྔོན་ལ་ཕྱིར་བུད་བཏང་ཚར་དགོས་པ་དང་། དགོན་པར་གཏན་སྡོད་མི་གྲངས་༥༠༠༠་ཡི་ཁྲོད་ཞིང་ཆེན་གཞན་གྱི་གྲྭ་བཙུན་༡༠༠༠་ལས་བརྒལ་མི་ཆོག་པ་སོགས་འཆར་གཞི་མང་པོ་ཡོད་འདུག
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་བྱ་སྤྱོད་ཐད་ཕྱིའི་རྒྱལ་ཁབ་དང་ཚོགས་སྡེ་མང་པོས་དེ་ནི་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ་ཡིན་པའི་སྐྱོན་བརྗོད་བྱེད་བཞིན་པ་རེད།

གསར་འགོད་པ་ཀླུ་འབུམ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།