ལྕམ་ཨང་སན་སུ་ཅིས་གྲོས་ཚོགས་འཐུས་མིའི་ཐུགས་འགན་བཞེས།

འབར་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཨོང་སན་སུ་ཅི་མཆོག་གིསགྲོས་ཚོགས་འཐུས་མིའི་ཐུགས་འགན་ཐེངས་དང་པོ་བཞེས་འདུག
2012-05-02
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎འབར་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ ཨོང་སན་ སུ་ཅི་མཆོག་གིས་ལོ་ངོ༢༥རིང་འབར་མའི་དྲག་པོའི་གཞུང་དང་འཐབ་རྩོད་གནང་བའི་ཆབ་སྲིད་ཀྱི་སྐུ་ངལ་མང་པོ་ཁྱད་བསད་གནང་བའི་མཐར་དེ་རིང་གྲོས་ཚོགས་འཐུས་མིའི་ཐུགས་འགན་ཐེངས་དང་པོ་བཞེས་གནང་ཡོད་པ་རེད།
དགུང་ལོ་༦༦ལ་ཕེབས་པའི་དམངས་གཙོའི་དབུ་ཁྲིད་ལྕམ་ སུ་ཅི་ལ་འབར་མའི་རྒྱལ་ཡོངས་གྲོས་ཚོགས་ནང་དབང་ཆ་དེ་ཙམ་མེད་ནའང༌། ད་ནས་བཟུང་ཡུལ་གྱི་ཁྲིམས་བཟོ་ལྷན་ཚོགས་ནང་གཞུང་གི་སྲིད་བྱུས་ཁག་ལ་གཞུང་འབྲེལ་དགག་པ་སྐྱོན་ཐུབ་པའི་ནུས་པ་ཡོད་པ་རེད།
ཉེ་ཆར་ཕྱི་ཟླ་༤ཚེས་༡ཉིན་འབར་མའི་གྲོས་ཚོགས་ཀྱི་ཁ་སྐོང་འོས་བསྡུ་ཚུགས་པ་ནས་བཟུང་ གྲོས་ཚོགས་ནང་ལས་གནས་འགན་བཞེས་ཀྱི་དམ་འབུལ་གྱི་བརྗོད་བྱར་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་ལ་ལམ་ལྷོང་མ་བྱུང་བ་དེ་ནི་ཁོང་གི་ཆབ་སྲིད་ཚོགས་པའི་འཐབ་རྩོད་ལ་ཕམ་ཉེས་ཐེངས་དང་པོ་དེ་ཡིན་པ་རེད།
བདུན་ཕྲག་སྔོན་མ་ལྕམ་སུ་ཅི་ཡི་ཚོགས་པས་ དམ་འབུལ་གྱི་བརྗོད་ཚིག་ནང་ རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་པའི་ཚབ་ལ་ རྩ་ཁྲིམས་ལ་སྲུང་སྐྱོབ་ཞུ་རྒྱུ་ཞེས་འཁོད་ཡོད་པ་དེར་འགྱུར་བ་མ་བཏང་བར་ གྲོས་ཚོགས་འཐུས་མིའི་དམ་འབུལ་གནང་རྒྱུ་མིན་པའི་དབུ་ཚུགས་ནན་ཆེ་གནང་ཡོད་པ་རེད།
ཁོང་གི་ཚོགས་པས་དམ་འབུལ་གྱི་ཚིག་བརྗོད་ལ་མིང་ཚིག་གི་འགྱུར་བ་ཆུང་ཆུང་ཞིག་བཏང་གནང་མ་ཐུབ་པ་དེ་ནི། དྲག་པོའི་སྲིད་དབང་མི་སྣས་དབང་ཆ་ཆེ་བ་བཟུང་བའི་འབར་མའི་གྲོས་ཚོགས་ནང་ལྕམ་སུ་ཅི་ཚོགས་པར་འབྱུང་འགྱུར་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་གནང་དགོས་ཆགས་རྒྱུའི་རྟགས་མཚན་གསལ་པོ་ཞིག་ཡིན་པ་རེད།
དམ་འབུལ་མཛད་སྒོ་གྲུབ་པའི་རྗེས་སུ་ལྕམ་སུ་ཅི་ཡིས་དེ་གར་འདུས་པའི་གསར་འགོད་པ་ཚོར། ཁོང་གིས་༡༩༨༨ནས་འཐབ་རྩོད་གནང་བཞིན་པ་དེ་མུ་མཐུད་རྒྱུན་འཁྱོངས་གནང་རྒྱུ་ཡིན་སྐོར་གསུང་ཏེ། ད་ཕན་གནང་བཞིན་པའི་ཕྱག་ལས་དེ་ཚོ་ད་ནས་བཟུང་མུ་མཐུད་གྲོས་ཚོགས་ཕྱི་ནང་གཉིས་ཀར་གནང་དགོས་ཆགས་ཀྱི་རེད་ཅེས་འགྲེལ་བརྗོད་གནང་བཞག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།