བལ་ཡུལ་ནང་བོད་མི་ཚོར་དུས་དྲན་སྲུང་བརྩི་ཞུ་མ་བཅུག་པའི་ཐོག་དམ་དྲག་བྱེད་བཞིན་འདུག


2017.10.17
བལ་ཡུལ་མཆོད་རྟེན་སྐོར་ལམ་གྱི་ཉེན་རྟོག་པ། ༢༠༡༧།༡༠།༡༧ བལ་ཡུལ་མཆོད་རྟེན་སྐོར་ལམ་གྱི་ཉེན་རྟོག་པ། ༢༠༡༧།༡༠།༡༧
ཀུན་བཟང་བསྟན་འཛིན། /RFA

བལ་ཡུལ་གཞུང་གིས་བོད་མི་ཚོར་༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོཊ་ཀྱི་གསེར་གྱི་གཟེངས་རྟགས་བཞེས་བའི་དུས་དྲན་སྲུང་བརྩི་ཞུ་མ་བཅུག་པའི་ཐོག་དམ་དྲག་བྱེད་བཞིན་འདུག
བལ་ཡུལ་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་མ་བཅུག་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ ་པའི་རིང་འདུ་འཛོམས་དང་ལས་འགུལ་གྱི་རིགས་སྤེལ་མི་ཆོག་པའི་དམ་དྲག་བཀག་སྡོམ་བྱེད་བཞིན་ཡོད་འདུག
དེ་སྔ་ཕྱི་ལོ་ ༢༠༠༧ ་ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༡༠ ་འཁོར་བའི་དུས་དྲན་གྱི་ཉིན་མོ་ཚེས་༡༧་ཉིན་འཁེལ་གྱི་ཡོད་པ་ལྟར། ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་བལ་ཡུལ་རྒྱལ་ས་ཀཐ་མན་གྲུའི་ཉེ་འཁྲིས་སུ་ཡོད་པའི་(Jawalakhel)་བོད་མིའི་གཞིས་ཆགས་སུ་བོད་མི་རྣམས་ཀྱིས་དུས་དྲན་སྲུང་བརྩི་ཞུ་རྒྱུའི་གོ་སྒྲིག་བྱས་ཡོད་ཀྱང༌། དུས་དྲན་སྲུང་བརྩི་ཞུ་བའི་ཉིན་གཉིས་གོང་ནས་བཟུང་བལ་ཡུལ་གཞུང་གིས་ས་གནས་སུ་ཉེན་རྟོག་མི་སྣ་འགྲེམ་འཇོག་ཀྱིས་དུས་དྲན་སྲུང་བརྩི་བཀག་འགོག་བྱས་པ་མ་ཟད། ཞོགས་པར་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་དང༌། འཕགས་པ་ཤིང་ཀུན་གཉིས་ཀྱི་བསྐོར་ལམ་དང་མཐའ་བསྐོར་དུ་ཡང་དམག་མི་འགྲེམ་འཇོག་གིས་བལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་མ་ཟད། བལ་ཡུལ་ནང་ཡོད་པའི་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་གནད་ཡོད་མི་སྣ་ཚོར་བལ་ཡུལ་ཉེན་རྟོག་ལས་ཁང་ནས་ཁ་པར་འབྱོར་ཏེ། སང་ཉིན་ནས་བཟུང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་རྒྱུ་ཡིན་སྟབས། ཚོགས་ཆེན་དེ་འཚོགས་པའི་དུས་ཡུན་རིང༌། བོད་མི་རྣམས་འདུ་འཛོམས་དང་ལས་འགུལ་རིགས་སྤེལ་མི་ཆོག་པའི་བཀའ་རྒྱ་བཏང་བ་བཅས་ཀྱི་རྐྱེན་པས་བལ་ཡུལ་ནང་ཡོད་པའི་བོད་མིའི་སྡོད་སྒར་ཁག་ཏུ་༧གོང་ས་ཆེན་པོ་མཆོག་ལ་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་བའི་དུས་དྲན་སྲུང་བརྩི་ཞུ་མ་ཐུབ་པ་མ་ཟད། ཡང་ཉིན་གཉིས་རེའི་མཚམས་བོད་མི་རྣམས་ཀྱིས་རྒྱལ་བའི་ཞབས་བརྟན་གསོག་སྒྲུབ་ཞུ་གི་ཡོད་པ་དེ་ཡང་ཉིན་འགའ་ཤས་ཕྱིར་འགྱང་བྱེད་དགོས་པ་ཆགས་ཡོད་འདུག

གསར་འགོད་པ་ཀུན་བཟང་བསྟན་འཛིན། ཕབ་བཤུས་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎