བལ་ཡུལ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་འཇུག་རྒྱུ་མིན་ལུགས།

བལ་ཡུལ་གྱི་སྲིད་བློན་མཆོག་གིས་བལ་ཡུལ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་གྱི་ལས་དོན་སྤེལ་འཇུག་རྒྱུ་མིན་ལུགས་གསུངས་འདུག

2009.12.30

༄༅༎དེང་སྐབས་རྒྱ་ནག་ནང་གཟིགས་སྐོར་གནང་བཞིན་པའི་བལ་ཡུལ་གྱི་སྲིད་བློན་མཆོག་གིས་བལ་ཡུལ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་གྱི་ལས་དོན་སྤེལ་འཇུག་རྒྱུ་མིན་ལུགས་གསུངས་འདུག

བལ་ཡུལ་གྱི་སྲིད་བློན་མ་རྡལྦ་ཀུ་མར་ནེ་པལ་མཆོག་གིས་ཁ་ས་རྒྱ་ནག་གི་རྒྱལ་ས་བེ་ཅིང་ནང་སྲིད་བློན་ལྦན་ཇ་པའོ་དང་མཇལ་འཕྲད་གནང་སྐབས་བལ་པོའི་གཞུང་གིས་བོད་དང་ཐའེ་ལྦན་གཉིས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་སུ་ཡིད་ཆེས་བྱེད་ཀྱི་ཡོད་ཚུལ་དང་བལ་ཡུལ་གྱི་ས་ཁོངས་དེ་རྒྱ་ནག་ལ་ངོ་རྒོལ་རྔམ་སྟོན་གྱི་ལས་དོན་སྤེལ་ཕྱིར་སྟོབས་ཤུགས་སུ་འདྲ་ཞིག་ལ་ཡང་བེད་སྤྱོད་བྱེད་དུ་འཇུག་རྒྱུ་མིན་སྐོར་གསུངས་ལུགས་རྒྱ་ནག་གཞུང་འབྲེལ་སི་སི་ཀྲི་ལྦི་ཞེས་པའི་བརྙན་འཕྲིན་ལས་ཁང་གིས་གནས་ཚུལ་སྤེལ་བ་དེ་ཁ་ས་ཕེ་རན་སིའི་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག ཕྱི་ལོ་༡༩༥༩་ལོར་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པའི་རྗེས་སུ་བོད་མི་རྒྱུན་ཆད་མེད་པར་བྲོས་བྱོལ་ཕེབས་བཞིན་པ་ལྟར་ད་ལྟ་བལ་ཡུལ་ནང་བོད་མི་ཉིས་ཁྲི་ལྷག་གནས་བཞུགས་གནང་བཞིན་ཡོད་པ་རེད་ ཉེ་བའི་ཟླ་ཤས་ནང་རྒྱ་ནག་གཞུང་གིས་གནོན་ཤུགས་ཆེན་པོ་སྤྲད་པའི་རྐྱེན་གྱིས་བལ་ཡུལ་གཞུང་གིས་བོད་མིའི་བྱེད་སྒོའི་ཐོག་དམ་བསྒྲགས་བྱེད་བཞིན་པའི་བོད་མི་ཚོར་དཀའ་ངལ་དུ་མ་ཞིག་འཕྲད་མུས་ཡིན་པ་རེད་ལ་ བོད་མི་རྣམས་ཀྱིས་ཞི་བའི་ངོ་རྒོལ་རྔམ་སྟོན་གནང་སྐབས་བལ་པོའི་ཉེན་རྟོག་པས་བོད་མི་མང་པོ་འཛིན་བཟུང་ཡང་བྱེད་ཀྱི་ཡོད་པ་རེད་ འདི་ལོའི་ཕྱི་ཟླ་ལྔ་པའི་ནང་མ་རྡལྦ་ཀུ་མར་ནེ་པལ་ཡིས་བལ་ཡུལ་གྱི་སྲིད་བློན་གྱི་ཐུགས་འགན་བཞེས་པའི་རྗེས་སུ་རྒྱ་ནག་ནང་གཟིགས་སྐོར་ཕེབས་པ་ད་རེས་ཐེངས་དང་པོ་ཡིན་པ་རེད་ རྒྱ་ནག་གི་སྲིད་བློན་ལྦན་ཇ་པའོ་ཡིས་བལ་ཡུལ་གྱི་དངོས་ཟོག་ཁག་རྒྱ་ནག་ལ་ཕྱིར་ཚོང་ཡར་རྒྱས་གཏོང་ཐབས་དང་བལ་ཡུལ་ནང་ཚོང་ལས་རྒྱ་བསྐྱེད་ཆེད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད་བལ་ཡུལ་ནང་འཛུགས་བསྐྲུན་ཡར་རྒྱས་ཀྱི་ལས་གཞིར་མ་རྩ་འཛུགས་འཇོག་བྱ་རྒྱུ་ཡིན་ལུགས་གསུངས་འདུག་ལ་ སྲིད་བློན་རྣམ་གཉིས་ཀྱིས་ཚོང་འབྲེལ་གྱི་གྲོས་མཐུན་སོགས་ཀྱི་ཐོག་མཚན་རྟགས་ཀྱང་བཀོད་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎