ཤེས་རིག་བཀའ་བློན་ལ་དངོས་གྲུབ་ཚེ་རིང་བསྐོ་བཞག་བྱུང་འདུག
2014.09.16
སྲིད་སྐྱོང་གི་ཁ་སྐོང་ཤེས་རིག་བཀའ་བློན་ལ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་གྲོས་ཚོགས་ནང་སྤྱི་མོས་བྱུང་འདུག དེ་ཡང་ཕྱི་ལོ་༢༠༡༤ ཟླ་༩ཚེས་༡༦ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐོག་སྤྱི་མོས་ཀྱིས་ཤེས་རིག་བཀའ་བློན་དུ་འདེམས་ཐོན་བྱུང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གསར་དུ་འོས་འདེམས་བྱུང་བའི་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གི་ལོ་རྒྱུས་སྙིང་བསྡུས་ཤིག་བཀོད་སྤེལ་བྱས་ཡོད་ཅིང། དེའི་ནང་དུ་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཕྱི་ལོ་༡༩༥༣ལོར་བོད་སྐྱིད་གྲོང་དུ་འཁྲུངས་ཏེ། བཙན་བྱོལ་དུ་སློབ་སྦྱོང་མཐར་སོན་པའི་རྗེས་སྐབས་བདུན་པའི་བོད་མི་དམངས་དབུས་གཙང་སྤྱི་འཐུས་གནང་བ་དང།་ ཕྱི་ལོ་ ༡༩༨༣ ཟླ་ ༢ ཚེས་ ༡ ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དུ་ཐད་བསྐོས་གནང༌། ཕྱི་ལོ་ ༡༩༨༧ ནས་ནང་སྲིད་ལས་ཁུངས་ཀྱི་དྲུང་གཞོན་དང། དྲུང་ཆེ། བོད་གཞུང་ཟློས་གར་ཚོགས་པའི་འགན་འཛིན་གནང་ཡོད་ལ་། ཟློས་གར་འགན་འཛིན་གནང་རིང་ལ་ལས་དོན་བྱེད་སྒོ་མཐའ་དག་གྲུབ་འབྲས་གཟེངས་སུ་ཐོན་པའི་ངོས་འཛིན་ལ་སུད་སི་བོད་མིའི་གཟེངས་རྟགས་ཐེངས་དང་པོ་གནང་ཡོད་ལ། ཕྱི་ལོ་ ༡༩༩༥ ཟླ་ ༡༠ ཚེས་ ༡༨ ཉིན་གནས་རིམ་རང་འཇགས་ཐོག་ཤེས་རིག་དྲུང་ཆེའི་ལས་འགན་བཀོད་སྒྲིག་གནང་ཡོད་པ་རེད།། དེ་རྗེས་ཕྱི་ལོ་༡༩༩༦ ལོར་དྲུང་ཡིག་ཆེ་མོར་དང་དེ་ནས་ནང་སྲིད་དྲུང་ཆེ་སོ་སོར་གནས་སྤོས་གནང༌། དེ་རྗེས་གཞུང་ཞབས་ནས་རྩ་དགོངས་ཞུས་ཏེ་ཨ་རིར་ཕེབས་པའི་རྗེས་མི་ནི་སོ་ཌའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་ཁུངས་སུ་ལས་འཆར་འགན་འཛིན་དང༌། ཕྱི་ལོ་ ༢༠༠༣ ལོར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་ལས་འཁུར་ཞུས་ཡོད་ཅིང། འོན་ཀྱང་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེར་བསྐྱར་དུ་བསྐོ་བཞག་གནང་བར་བརྟེན་རྒྱ་གར་དུ་ཕྱིར་ལོག་ཕེབས་ཏེ།ཤེས་རིག་དྲུང་ཆེའི་ལས་འཁུར་ཞུས་མུས་སུ་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༦ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཐོག་བཀའ་བློན་དུ་འོས་འདེམས་གནང་ཡོད་ལ་ད་དུང་ཉིན་དེར་གྲོས་ཚོགས་ཐོག་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་དྲུང་ཆེ་མགོན་པོ་ཕུན་ཚོགས་ལགས་སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་དུ་བདམས་ཐོན་བྱུང་བའི་གསལ་བསྒྲགས་གནང་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།
ཞིབ་ཕྲ་འདི་གའི་གསར་འགོད་པ་ཨྱོན་བསྟན་འཛིན་ལགས་ཀྱིས་ས་གནས་ནས་གནས་ཚུལ་བཏང་བར་གསན་རོགས།
<p