༧གོང་ས་མཆོག་གིས་ཞི་བདེའི་གཟེངས་རྟཊ་བཞེས་བའི་དུས་ཆེན།


2015.12.10
༧གོང་ས་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་གཞུང་འབྲེལ་དུས་ཆེན་མཛད་སྒོའི་སྐབས། ༢༠༡༥།༡༢།༡༠ ༧གོང་ས་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་གཞུང་འབྲེལ་དུས་ཆེན་མཛད་སྒོའི་སྐབས། ༢༠༡༥།༡༢།༡༠
བསྟན་འཛིན་དོན་ཡོད།/RFA

དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་༢༦འཁོར་བའི་དུས་ཆེན་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་འཛམ་གླིང་གི་ཡུལ་གྲུ་གང་སར་སྲུང་བརྩི་གནང་ཡོད་པ་ལྟར། བཞུགས་སྒར་དུ་གཞུང་འབྲེལ་གྱི་སྲུང་བརྩི་གཟབ་རྒྱས་ཞུས་གནང་བ་དང་། ཚེས་༡༠ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། ཆེས་མཐོའི་ཁྲིམས་ཞིབ་པ་དབུས་པའི་ཕྱག་སྦྲེལ་ཁྲིམས་ཞིབ་པ་རྣམ་གཉིས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་ཕྱག་སྦྲེལ་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་གཙོས་པའི་སྲིད་ཞུའི་ལས་བྱེད་རྣམ་པ་ གཞུང་དང་། གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། དེ་བཞིན་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས། ༧གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་༢༦འཁོར་བ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་བཅས་སྲུང་བརྩི་ཟབ་རྒྱས་ཀྱི་མཛད་སྒོ་གནང་འདུག
མཛད་སྒོ་དབུ་འབྱེད་སྐབས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་། དེ་ནས་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་པ་ཕོ་མོ་རྣམས་ལ་མྱ་ངན་གུས་འདུད་ཀྱི་ངག་བཅད་སྐར་མ་གཅིག་ཞུས་གནང་པ་དང་། དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་མཉམ་གཞས་ཕུལ་འདུག
དུས་དྲན་སྲུང་བརྩིའི་ལས་རིམ་ནང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་ཞབས་ལོ་༢༥ལོན་པའི་སྲིད་ཞུའི་ལས་བྱེད་རྣམས་ལ་སྲིད་སྐྱོང་མཆོག་གིས་གཟེངས་བསྟོད་ལེགས་སྐྱེས་གནང་འདུག
དུས་དྲན་སྲུང་བརྩི་མཛད་སྒོའི་ཐོག་བཀའ་བཤག་དང་། བོད་མི་མང་སྤྱི་འཐུས་དེ་བཞིན་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་དང་། ཤཱ་པུར་ས་ཁུལ་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་Sarvin Chaudhariམཆོག་བཅས་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་གཙོས་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ལ་ཆེད་བསྟོད་དང་། དྲན་སྐུལ་གྱི་གསུངས་བཤད་དང་གསུངས་འཕྲིན་སྒྲོག་སྦྱང་གྲུབ་མཚམས་རྡ་སྟེང་བོད་ཁྱིམ་སློབ་མ་དང་། བོད་ཀྱི་ཟློས་གར་ཚོགས་པ། ཡོངས་གླིང་སློབ་གྲྭའི་སློབ་མ། བོད་ཁྱིམ་ཉིན་སློབ་ཀྱི་སློབ་མ། ཐང་སྟོང་གླུ་གར་ཚོགས་པ། དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་འོག་ས་གནས་ཡུལ་མི་བཅས་ནས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་འདུག
ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་༡༩༩༦ལོར་འགྲེམས་སྤེལ་གནང་བའི་པན་ཆེན་རིན་པོ་ཆེའི་ཡང་སྲིད་ལམ་སྲོལ་ལ་རྒྱ་ནག་གཞུང་ནས་ཆབ་སྲིད་ཀྱི་ཁེ་ཕན་བཟུང་སྟེ་འགྱུར་བཅོས་བཏང་བ་ཞེས་པའི་དཔེ་དེབ་དེར། ཁ་སྣོན་གྱིས་པར་སྐྲུན་ཞུས་པ་དབུ་འབྱེད་གནང་ཡོད་པ་རེད། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱིས་ཀུན་གཟིགས་པན་ཆེན་མཆོག་གི་སྐོར་གྱི་རྩོམ་དེབ་ཁ་བྱང་དུ། རྒྱ་ནག་གཞུང་གིས་ཆབ་སྲིད་ཁེ་ཕན་ཁོ་ནར་བལྟས་ཏེ་པན་ཆེན་རིན་པོ་ཆེའི་ཡང་སྲིད་ལམ་སྲོལ་ལ་བཟོ་བཅོས་བྱས་པ་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་བ་དང་། དེའི་ནང་དོན་ནི་སྤྱི་༡༩༩༥ལོར་པན་ཆེན་རིན་པོ་ཆེའི་སྐོར་ལ་དེབ་ཆུང་ཞིག་འདོན་སྤེལ་གནང་བ་དེའི་ཐོག་སླར་ཡང་གནས་ཚུལ་ཁ་སྐོང་གནང་བ་ཞིག་ཡིན་འདུག དེབ་དེའི་རྗོད་དོན་གཙོ་བོ་ནི། པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་སོར་ཆ་མེད་དུ་གྱུར་བའི་དོན་རྐྱེན་དང་། གནད་དོན་དེ་དང་འབྲེལ་བའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་གྲོས་ཚོགས། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཇི་འདྲ་བྱས་པ། ད་དུང་རྒྱ་ནག་མཁས་པ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་རྣམས་ནས་དེའི་ཐོག་དཔྱད་ཞིབ་གཏིང་ཟབ་བྱས་པ་རྣམས་ཀྱང་གསལ་འདོན་ཞུས་པ་འཁོད་ཡོད།  
ལོ་ངོ་ཉི་ཤུ་ཙམ་གྱི་སྔོན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་གཟིགས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྤྲུལ་དུ་ངོས་འཛིན་མཛད་རྗེས། ཉིན་གསུམ་ལས་མ་སོང་བར་རྒྱ་ནག་གཞུང་གིས་ཀུན་གཟིགས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་བྱས་ཏེ་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་དགུང་ན་ཆུང་ཤོས་གྲས་ཤིག་ཆགས་ཡོད་པ་རེད། རྒྱ་ནག་གཞུང་གིས་པན་ཆེན་རིན་པོ་ཆེ་མཆོག་བཙན་ཁྲིད་བྱས་པ་དེའི་ཐོག་ནས་རྒྱ་དམར་གཞུང་གིས་བོད་ལ་བཙན་འཛུལ་བྱས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཇི་ཙམ་གཏོང་བཞིན་པའི་རྣམ་པ་གསལ་པོར་མཚོན་ཐུབ། འདས་པའི་ལོ་ངོ་ཉི་ཤུའི་ནང་པན་ཆེན་རིན་པོ་ཆེ་མཆོ་གི་གནས་སྟངས་ལ་བཟང་ཕྱོགས་ལ་འགྱུར་བ་གང་ཡང་བྱུང་མེད་ཁར་རིན་པོ་ཆེ་མཆོག་དང་གང་ཉིད་ཀྱི་ནང་མི་རྣམས་གང་དུ་ཡོད་མེད་ཀྱི་གནས་སྟངས་ཇི་ཡིན་སྐོར་དང་། དེའི་ཐད་རྒྱ་ནག་གཞུང་གིས་གསལ་བཤད་གང་ཡང་བྱས་མེད་པའི་སྐོར་སོགས་འཁོད་ཡོད་པ་རེད

གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎