རང་སྲེག་གི་པར་ཉར་བར་ལོ་གཅིག་གི་བཙོན་འཇུག

ནག་ཆུ་རྫོང་རུ་གསར་ཉི་མ་ཤང་གི་འབྲོང་ངུར་དགོན་གྱི་དགེ་འདུན་པ་བསྟན་འཛིན་བག་དྲོ་ལགས་སུ་རྒྱ་གཞུང་ནས་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག།
2012-12-06
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།    །འབྲེལ་ཡོད་མི་སྣས་དེ་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། ནག་ཆུ་རྫོང་རུ་གསར་ཉི་མ་ཤང་གི་འབྲི་གུང་བཀའ་བརྒྱུད་ཆོས་བརྒྱུད་འཛིན་པ་འབྲོང་ངུར་དགོན་གྱི་གྲྭ་བ་བསྟན་འཛིན་བག་དྲོ་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ཟླ་བ་གཉིས་ཙམ་ཕྱིན་ཡོད་པ་དང་། ཉི་མ་གསུམ་བཞི་སྔོན་ ཁོང་གི་སྤུན་མཆེད་བསྟན་འཛིན་བག་དྲོ་ལགས་བཙོན་གཅུག་བྱ་ཡུལ་ལྷ་སའི་དྲ་བཞི་བཙོན་ཁང་དུ་ཐུག་འཕྲད་ལ་བསྐྱོད་སྐབས། རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣས་ བསྟན་འཛིན་བག་དྲོ་ལགས་སུ་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པ་དང་།  ཁོང་ཐུག་འཕྲད་ཆོག་གི་མེད་སྐོར་བརྗོད་དེ་བསྟན་འཛིན་བག་དྲོ་ལགས་ཐུག་འཕྲད་མ་ཐུབ་པའི་སྐོར་འབྲེལ་ཡོད་མི་སྣས་ངོ་སྤྲོད་གནང་གི་ཡོད་པ་རེད།
དེ་ཡང་གནས་ཚུལ་ངོ་སྤྲོད་གནང་མཁན་གྱིས་མུ་མཐུད་གསུངས་པར་གཞིགས་ན། རྒྱ་ནག་གཞུང་གིས་བསྟན་འཛིན་བག་དྲོ་ལགས་བཙོན་འཇུག་བྱས་དགོས་པའི་རྒྱུ་མཚན་གང་ཡིན་ཐད་འགྲེལ་བརྗོད་གང་ཡང་བྱེད་ཀྱི་མེད་ཀྱང་། ཉེ་ལམ་འབྲི་རུ་རྫོང་དུ་ དགུ་འགྲུབ་ལགས་ཀྱི་གཙོས་བོད་མི་ཁག་ཅིག་གིས་ རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་སྐབས།    འབྲོང་ངུར་དགོན་པའི་དགེ་འདུན་པ་དང་། མི་མང་སྐྱ་བོ་མང་པོ་ཞིག་སྔ་རྗེས་རང་ལུས་མེར་བསྲེགས་ཀྱི་ དོན་རྐྱེན་དང་འབྲེལ་བ་ཡོད་པར་བརྙས་ཏེ། འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བྱས་པའི་བོད་མི་མང་པོ་ཞིག་རིམ་པའི་གློད་བཀྲོལ་བྱུང་ཡོད་ཀྱང་། བསྟན་འཛིན་བག་དྲོ་ལགས་ གློད་བཀྲོལ་བྱུང་མེད་པ་དང་། ཕལ་ཆེར་ཁོང་ལ་དགུ་འགྲུབ་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་བའི་འདྲ་དཔར་ཁོང་གི་ལག་འཁྱེར་ཁ་པར་ནང་ཉར་ཡོད་པའི་སྐྱོན་བཙུགས་འོག་བཙོན་བཅུག་བྱས་ཡོད་ཚོད་ཀྱི་དྭོགས་པ་བྱེད་ཀྱི་ཡོད་སྐོར་གསུངས་ཀྱི་ཡོད་པ་རེད། །