པད་མ་ཚེ་བརྟན་ལཊ་རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་བྱས་བ།

2016-06-29
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་ལགས་ཀྱི་ཉེ་པར་དང་རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་རྗེས། ༢༠༡༦།༦།༢༨
གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་ལགས་ཀྱི་ཉེ་པར་དང་རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་རྗེས། ༢༠༡༦།༦།༢༨
བོད་འབྱོར།

གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་ལགས་རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་རྗེས་སྨན་ཁང་དུ་བསྐྱལ་དགོས་བྱུང་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ཟླ་༦་པའི་ཚེས་༢༥་ཉིན་གྱི་དགོང་དྲོར། བོད་ནང་གི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་ལགས་རྒྱ་ནག་པེ་ཅིང་ནས་ཟི་ལིང་གི་གནམ་ཐང་ལ་འབྱོར་བ་དང་། གནམ་ཐང་ནས་ཅ་ལག་ཞིག་བརྗེད་ལུས་ཟིན་པ་དྲན་ནས་ཕྱིར་ལེན་དུ་འགྲོ་སྐབས། གནམ་ཐང་གི་བདེ་སྲུང་ཉེན་རྟོག་པས་གནམ་ཐང་གི་སྤྱི་བའི་སྒྲིག་སྲོལ་ལ་གཏོར་བརླག་བྱས་ཚུལ་གྱིས་ཁོ་བོ་བཀག་པ་དང་འཇུ་བཟུང་བྱས་བ་མ་ཟད། བཙན་གྱིས་ལག་ལྕགས་རྒྱབ་ནས་ཟི་ལིང་གི་འདྲི་གཅོད་ཁང་དུ་བཙན་ཁྲིད་བྱས་འདུག
གནས་ཚུལ་ལྟར་ན། དེ་ནས་ཁོ་བོ་གློད་བཀྲོལ་མ་བཏང་བར་བཀག་ཉར་དང་མཉམ་གཅར་རྡུང་འདྲི་གཅོད་བྱས་ཡོད་པ་བཤད་བཞིན་པ་དང་། ཚེས་༢༧་ཉིན་བཀག་ཉར་གྱི་སྐབས་སུ་མགོ་ཡོམ་འཁོར་བ་དང་། རོ་སྟོད་འཚང་བ། རྐང་ལག་སྦྲིད་པ་སོགས་ལུས་པོ་མི་བདེ་བའི་སྣང་ཚུལ་མང་དུ་ཐོན་པས། ཉིན་དེའི་ཕྱི་དྲོར་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་སྐབས། ཁོང་གི་ལུས་སྟེང་དུ་རྨ་ཤུལ་དང་སྔོ་ཐིག་མང་པོ་མཐོང་རྒྱུ་ཡོད་པ་རེད།
ད་ལྟ་བོད་ནང་གཙོ་བའི་ཕྱི་ནང་གི་བོད་མི་དང་། ཁོང་ངོ་ཤེས་མཁན་ཚོས་རྒྱ་ནག་གི་ཉེན་རྟོག་པའི་བྱ་སྤྱོད་ཐེར་འདོན་བྱེད་དགོས་བའི་འབོད་ཚིག་དང་ཞུ་ཚིག་འདྲ་མིན་དྲ་ལམ་འཕྲིན་ལམ་ལ་ཤུགས་ཆེན་སྤེལ་བཞིན་པ་མ་ཟད། རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ལ་གནས་ཚུལ་ཁྱབ་སྤེལ་བྱས་འདུག
གནས་ཚུལ་འདིའི་ཐད་རྒྱ་ནག་གཞུང་ཕྱོགས་ནས་ད་བར་ཕྱི་བསྒྲགས་གང་ཡང་བྱས་མེད་ཀྱང་། ཚེས་༢༩ཉིན་ཟི་ལིང་ཉེན་རྟོག་ཁང་གིས་གནས་ཚུལ་ཕྱི་བསྒྲགས་བྱས་བའི་ནང་། ཁོང་གིས་གནམ་ཐང་གི་སྤྱི་བའི་སྒྲིག་སྲོལ་ལ་གཏོར་བརླག་བྱས་བར་བརྟེན་ཉིན་ལྔ་བཀག་ཉར་གཏན་འབེབས་བྱས་ཚུལ་འཁོད་འདུག
དེ་བཞིན་ཚེས་༢༩ཉིན། (The Film Directors’s Guild of China)་ཞེས་རྒྱ་ནག་གི་གློག་བརྙན་འཁྲབ་འཁྲིད་མཐུན་ཚོགས་ནས་འབྲེལ་ཡོད་ལས་ཁུངས་ལ་ཞུ་ཡིག་སྤྲད་ཡོད་པའི་ནང་། པདྨ་ཚེ་བརྟན་ལགས་ཀྱི་སྐོར་ལ་སེམས་འཚབ་ཆེན་པོ་ཡོད་ཚུལ་དང་། ཉེན་རྟོག་པས་ཁོང་གི་ཐོག་རྩུབ་སྤྱོད་སྤེལ་བའི་རྒྱུ་མཚན་དང་། ཁྲིམས་གཞི་ལག་བསྟར་བྱེད་སྐབས་དྲག་ཤུགས་དང་ཚད་ལས་བརྒལ་བའི་བྱ་སྤྱོད་སྤེལ་བའི་གནད་དོན་བྱུང་ཡོད་མེད་བཅས་ཀྱི་ཐད་ཡོངས་ཁྱབ་ཀྱི་བརྡ་ལན་ཞིག་སྤྲོད་དགོས་པའི་འབོད་སྐུལ་དང་མཉམ། དོན་རྐྱེན་དེའི་སྐོར་གྱི་ལོ་རྒྱུས་ཚ་ཆང་བ་ཡོངས་གྲགས་བྱེད་དགོས་པ་མ་ཟད། མཐུན་ཚོགས་ལ་ཡ་ལན་ཞིག་གང་མགྱོགས་དགོས་སྐོར་བཀོད་འདུག
ཡང་དབྱིན་ཇི་རྒྱལ་ས་ལོན་ཊོན་ནང་རྟེན་གཞི་བྱེད་པའི་བོད་རང་བཙན་ལས་འགུལ་ཁང་གི་ཀྱང་། པདྨ་ཚེ་བརྟན་ལགས་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་དང་རྡུང་རྡེག་བཏང་བ་བཞིན་དུ་བོད་ནང་གི་བོད་མི་ཡོངས་ལ་ག་དུས་ཡིན་ནའི་དཀའ་ངལ་དེ་ཡོང་གི་ཡོད་པ་དང་། བོད་མི་ཚོར་མི་རིགས་དབྱེ་འབྱེད་དང་ཁ་རྡུང་སོགས་གཏོང་རྒྱུ་ནི་རྒྱ་མིའི་བདེ་སྲུང་མི་སྣའི་ལམ་སྲོལ་ཆགས་ཡོད་པ་སོགས་སྐྱོན་བརྗོད་བྱས་འདུག
པདྨ་ཚེ་བརྟན་ལགས་ནི་༡༩༦༩ལོའི་ཟླ༡༢་པར་མཚོ་སྔོན་ཞིང་ཆེན་གྱི་ཆར་གཏོགས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀར་འཁྲུངས་ཤིང་། ནུབ་བྱང་མི་རིགས་སློབ་ཆེན་འགྲིམས་པ་དང་རྩོམ་རིག་རབ་འབྱམས་པའི་ཡོན་གནས་བཞེས་པའི་དེང་རབས་བོད་ཀྱི་གཞོན་སྐྱེས་ཤེས་ལྡན་པ་ཞིག་ཡིན། ཁོང་གི་གློག་བརྙན་ཡོངས་རྫོགས་བོད་སྐད་ཐོག་བཟོ་བསྐྲུན་གནང་མཁན་ཐོག་མ་དེ་ཡིན་པ་དང་། ཁོང་གི་གློག་བརྙན་ལ་རྒྱལ་སྤྱི་རྒྱལ་ནང་གི་གཟེངས་རྟགས་བྱ་དགའ་མང་པོ་ཐོབ་མྱོང་ཡོད་ལ། ཁོང་གིས་བཀོད་ཁྲིད་གནང་བའི་གློག་བརྙན་ཁག་གི་ཁོངས་ནས་སྐད་གྲགས་ཆེ་ཤོས་ནི་ཐར་ལོ་ཞེས་པ་དང་། ཁྱི་རྒན་ཞེས་པའི་གློག་བརྙན་ཡིན་པ་རེད།

གསར་འགོད་པ་ཀླུ་འབུམ་དང་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།