བྱང་ཆུབ་ཀྱི་སེམས་ལ་མོས་གུས་ཆེན་པོ་ཡོད་དགོས་པ་ཞིག་ཡིན་དགོས།

2017-01-10
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
དུས་འཁོར་དབང་ཆེན་ཐེངས་༣༤་བའི་དབང་གི་སྟ་གོན་ཉིན། ༢༠༡༧།༡།༡༠
དུས་འཁོར་དབང་ཆེན་ཐེངས་༣༤་བའི་དབང་གི་སྟ་གོན་ཉིན། ༢༠༡༧།༡།༡༠
སངས་རྒྱས་རྒྱ་མཚོ། /RFA

གསང་སྔགས་ཀྱི་དབང་སོགས་ཞུ་བའི་སྐབས་བླ་སློབ་ཀྱི་དམ་ཚིག་གཙང་མ་དགོས་བ་༧གོང་ས་མཆོག་གིས་དུས་དབང་གི་སྟ་གོན་ཉིན་གསུངས་འདུག
ཕྱི་ཟླ་༡་ཚེས་༡༠་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་སློབ་མ་སྟ་གོན་གྱི་རིམ་པ་ཁག་སྩལ་གནང་མཛད་ཅིང་། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསང་སྔགས་ཀྱི་ཆོས་ཀྱི་ཉམས་ལེན་སྤུས་དག་ཞིག་བྱ་རྒྱུར་ངེས་བར་སྟོང་ཉིད་ཀྱི་ལྟ་བས་ཟིན་པའི་བྱང་ཆུབ་ཀྱི་སེམས་ལ་མོས་གུས་ཆེན་པོ་ཡོད་དགོས་པ་ཞིག་ཡིན་པ་བཀའ་སྩལ་ཡོད་པ་རེད།
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་ནི་རྒྱུད་གཞན་ནས་གསུང་སྟངས་དང་ཕྲན་བུ་མི་འདྲ་བ་ཡོད་པ་བཀའ་གནང་ཞིང་། དེ་ཡང་དུས་འཁོར་ཀྱི་རྒྱུད་ནང་སྦྱང་གཞི་ཕྱིའི་འཇིག་རྟེན་ཁམས་ལ་ཕྱི་དུས་ཀྱི་འཁོར་ལོ་དང་། སྦྱང་གཞི་ནང་ཕུང་པོའི་ཁམས་དང་བསྐྱེད་ཆེད་ལ་སོགས་པ་ནང་དུས་ཀྱི་འཁོར་ལོ། སྦྱོང་བྱེད་ནི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ཞེས་གསུངས་ཀྱི་ཡོད་པ་བཀའ་གནང་པ་དང་། དཔལ་དུས་ཀྱི་འཁོར་ལོ་ནི་གསང་སྔགས་ཀྱི་ཆོས་ཚན་ཞིག་ཡིན་པས་བཅོམ་ལྡན་འདས་ཀྱིས་ཐོག་མར་དུས་ཀྱི་འཁོར་ལོའི་རྒྱུད་དང་སྨིན་བྱེད་ཀྱི་དབང་སོགས་སྩལ་སྐབས་དཀྱིལ་འཁོར་གྱི་བདག་པོར་བཞེངས་ཏེ་གསུངས་པ་ཞིག་ཡིན་པ་བཀའ་སྩལ་བ་དང་། ཉིན་ཤས་སྔོན་གྱི་སྔོན་འགྲོའི་སྤྱོད་འཇུག་སོགས་ཀྱི་བཤད་ལུང་ཆོས་འབྲེལ་སྩལ་སྐབས་དང་མི་འདྲ་བར། གསང་སྔགས་ཀྱི་དབང་སོགས་ཞུ་བའི་སྐབས་བྱང་སེམས་དང་སྔགས་ཀྱི་སྡོམ་པ་སོགས་ཞུ་དགོས་པས་བླ་སློབ་ཀྱི་དམ་ཚིག་ལྡན་པ་ཞིག་དགོས་པ་བཀའ་གནང་པ་དང་། དེར་བརྟེན་ཆོས་ཞུ་བའི་ཁོངས་སུ་དོལ་རྒྱལ་བསྟེན་སྲོལ་བྱ་མཁན་རིགས་ཡོད་ཚེ། བླ་སློབ་དབར་གྱི་དམ་ཚིག་གཙང་མ་ཞིག་འབྱུང་རྒྱུ་མིན་པས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངོས་ནས་སྡོམ་པའི་རིགས་ཞུ་བླངས་བྱ་རྒྱུ་མེད་པའི་སྐུལ་མ་མཛད་ཡོད་པ་རེད།
དེ་རིང་གི་སྔོན་འགྲོའི་ཆོས་བཤད་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱིར་གསང་སྔགས་ཀྱི་ཆོས་འཁོར་ཁག་སངས་རྒྱས་ཀྱིས། འདུལ་བྱ་ལས་དག་པ་ཉུང་ཤས་ལ་གསུངས་པ་མ་གཏོགས་འཁོར་ཚོགས་ཆེན་པོའི་རིགས་ལ་གསུངས་པ་མེད་ཀྱང་། དཔལ་དུས་ཀྱི་འཁོར་ལོའི་ཆོས་དེ་ཤམ་བྷ་ལའི་ཆོས་རྒྱལ་ཟླ་བ་བཟང་པོས་ཞུས་ཏེ་ཡུལ་དེའི་འཁོར་ཚོགས་རྒྱ་ཆེན་པོར་སྩལ་བ་ཞིག་ཡིན་སྟབས། དུས་འཁོར་གྱི་དབང་དེ་འདུས་ཚོགས་ཆེན་པོར་གནང་པའི་སྲོལ་དེའི་རྒྱུ་མཚན་ཡང་འདི་ཡིན་སྲིད་པ་བཀའ་གནང་ཡོད་པ་རེད།
གསང་སྔགས་ཀྱི་ཆོས་ཀྱི་ཁྱད་ཆོས་གཙོ་བོ་ནི་ཐ་མལ་བའི་བདེན་འཛིན་གྱི་སྣང་བ་བཀག་སྟེ། ལྷ་ཡི་ང་རྒྱལ་དང་གསལ་སྣང་གི་ཐོག་ནས་སྔགས་ཀྱི་ཐབས་ཤེས་གཉིས་ལ་ཉམས་ལེན་བྱ་རྒྱུ་དེ་ཡིན་སྟབས། བདེན་འཛིན་ནམ་རང་མཚན་གྱི་སྣང་བ་འགོག་རྒྱུར་ངེས་པར་སྟོང་པ་ཉིད་ལ་གོ་བ་ཞིག་མེད་ན་ཡོང་ཐུབ་རྒྱུ་མེད་པས། སྟོང་པ་ཉིད་དང་བྱང་ཆུབ་ཀྱི་སེམས་ཀྱི་གནས་ལུགས་ཁག་གསལ་པོར་ཤེས་པར་བྱེད་དེ་ཉམས་ལེན་བྱ་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་གནང་ཡོད་པ་རེད།
ཕྱི་ཚེས་༡༡་ཉིན་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་གྱི་ཉམས་ལེན་ལ་དབང་བར་བྱ་རྒྱུའི་ཆེད་བྱིས་པ་ལ་འཇུག་པའི་དབང་བདུན་སྩོལ་གནང་མཛད་རྒྱུ་ཡིན་པ་རེད།
ཡང་ཕྱི་ཚེས་༡༠་ཉིན་གྱི་སྔ་དྲོ་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་བོད་ནས་ཕེབས་མཁན་གྱི་ཆོས་ཞུ་བ་ཁག་གཅིག་ལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གང་གནང་པ་ཁག་རྒྱུན་དུ་དྲན་དགོས་པ་དང་། སེམས་ལ་འཇོག་ཐུབ་པ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་ཐོག་དེ་ས་ཆ་གང་འདྲ་ཞིག་དང་དུས་ག་དུས་ཡིན་ནའང་མ་བརྗེད་པ་བྱེད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་བཀའ་གནང་ཞིང་། ཚང་མས་ལུས་ངག་ཡིད་གསུམ་གྱི་མི་དགེ་བའི་སྤྱོད་པ་ལ་སྡོམ་ནས་ཆོས་རྣམ་དག་ཞིག་བྱ་རྒྱུར་འབད་བརྩོན་བྱེད་དགོས་པ་སོགས་ཀྱི་བཀའ་སློབ་སྩལ་འདུག།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།