མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་ལས་ཀྱི་སྡོད་ཁང་གཏོར་བཤིག།


2016.12.30
མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་ལས་ཀྱི་སྡོད་ཁང་གཏོར་བཤིག་གཏོང་བ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ།
མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ།


༄༅། །མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་ལྷོ་རའི་དགེ་རྒན་དང་ལས་བྱེད་པའི་སྡོད་གནས་ཐོག་ཁང ༡༠ གཞུང་ལམ་འཛུགས་སྐྲུན་ལ་ཁ་གཡར་ནས་བཙན་དབང་གིས་གཏོར་བཤིག་གཏོང་བཞིན་ཡོད་འདུག
དེ་ཡང་འབྲེལ་ཡོད་མི་སྣས་བཏང་འབྱོར་བྱུང་བའི་གནས་ཚུལ་ལྟར་ན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ལྷོ་ར་ན་དགེ་རྒན་དང་ལས་བྱེད་པའི་སྡོད་གནས་ཐོག་ཁང་བཅུ་དང་ཁྱིམ་ཚང ༤༠༤ཡོད་པ་རེད། དེང་ཐོག་ཟི་ལང་གྲོང་ཁྱེར་སྲིད་གཞུང་གིས་གཞུང་ལམ་འཛུགས་སྐྲུན་ལ་ཁ་གཡར་ནས་སྡོད་གནས་ཐོག་ཁང་དྲུག་གཏོར་དགོས་ལུགས་དང་། གུན་གསབ་ལ་གོམ་པ་གྲུ་བཞི་མ་གཅིག་ལ་རྒྱ་སྒོར༨༥༠༠སྟེར་རྒྱུ་ཁས་བླངས་པ་རེད། རྗེས་སུ་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་མེད་བཞིན་དུ་དེའི་ཁར་ཐོག་ཁང་བཞི་གཏོར་དགོས་ལུགས་བཤད་སྟབས། དེ་གའི་ཡུལ་མི་རྒྱུ་བདག་གིས་ངོས་ལེན་མ་བྱས་པར་མ་ཟད། འབྲེལ་ཡོད་འཛིན་སྐྱོང་གིས་བསྐྱར་ཞིབ་དགོས་པའི་དགོས་འདུན་བཏོན་འདུག
ད་ལོའི་སྤྱི་ཟླ ༡༢ ཚེས ༨ པའི་ནམ་དཀྱིལ་ཙམ་ལ་རྐོ་འདྲུའི་འཕྲུལ་འཁོར་གྱིས་ལྐོག་ལྐོག་སུད་སུད་ངང་ར་སྐོར་གྱི་རྩིག་པའི་དུམ་བུ་ཞིག་གཏོར་བཤིག་བཏང་ཡོད་པ་དང་། དེ་ནས་སྤྱི་ཟླ ༡༢ ཚེས ༢༨ ཉིན་ས་ཁུལ་དེའི་ཁུལ་གཙོ་ཡིས་ཉེན་རྟོག་པ་དང་གྲོང་ཁྱེར་དོ་དམ་མི་སྣ ༢༠༠ ལྷག་གི་སྣེ་ཁྲིད་ནས་ཡང་བསྐྱར་ཡོང་བ་མ་ཟད། ཡུལ་མིའི་སྡོད་གནས་ཐོག་ཁང་གཏོར་མགོ་བརྩམས། དེ་ཙ་ན་དགེ་རྒན་ཆེན་མོ་དང་ལས་བྱེད་པ ༥༠ ལྷག་གིས་གདོང་བླངས་ནས་དུས་ཡུན་སྐར་མ ༣༠ ལྷག་ལ་ངོ་རྒོལ་བྱས་ཤིང་། དགེ་རྒན་ཆེན་མོ་བ་དང་ལས་བྱེད་པ་ཚོས་ཉེན་རྟོག་པ་ཐོག་ཁང་གཏོར་བཤིག་གི་ལས་ལ་ཞུགས་པ་ནི་ཁྲིམས་འགལ་ཡིན་ལུགས་དང་། ཁྱོད་ཚོའི་བྱ་སྤྱོད་དེ་དབུས་གཞུང་གི་སྲིད་ཇུས་དང་རྒྱབ་འགལ་ཡིན་ཚུལ་གནས་ལུགས་བཤད་རྗེས། ཉེན་རྟོག་པ་དང་འཛུགས་སྐྲུན་མི་སྣ་ཕྱིར་ལོག་ཡོད་འདུག དེ་ནས་ཚེས ༢༩འི་ཉིན། ཁུལ་གཙོ་ཡིས་ཡང་བསྐྱར་ཉེན་རྟོག་པ་དང་གྲོང་ཁྱེར་དོ་དམ་མི་སྣ་ཁྲིད་ནས་ཡོང་བ་དང་། བཙན་དབང་གིས་སྡོད་གནས་ཐོག་ཁང་གི་ར་སྐོར་རྩིག་གྱང་ཡོད་ཚད་རྐོ་འདྲུའི་འཕྲུལ་འཁོར་གྱིས་གཏོར་བཤིག་བཏང་བ་མ་ཟད། ཉེན་རྟོག་པས་མི་མང་དཔུང་སྡེབ་ཀྱིས་ཟིང་ཆ་བསླངས་པའི་ཉེས་མིང་བཙུགས་ནས་མི་གཉིས་འཛིན་བཟུང་བཀག་ཉར་བྱས་ནས་དུས་ཚོད ༨ ཀྱི་རྗེས་སུ་ད་གཟོད་མི་དེ་གཉིས་གློད་བཀྲོལ་བཏང་འདུག
དེ་བཞིན་དུ་གནས་ཚུལ་ལ་གཞིགས་ན། གཏོར་བཤིག་ཏུ་གཏོང་འཆར་གྱི་ཐོག་ཁང་དེ་དག་ནི ༢༠༠༢ ལོར་ལེགས་འགྲུབ་བྱུང་པའི་དགེ་རྒན་ཆེན་མོ་བ་དང་ཆེད་མཁས་པའི་སྡོད་ཁང་ཡིན་ཞིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ལྷོ་ར་རུ་གནས་སྡོད་ཡུལ་མི་ཚོས་ཐེངས་མང་པོར་སློབ་གྲྭའི་འགོ་ཁྲིད་དང ༡༡༠ ཉེན་རྟོག་ཞུ་གཏུག་ཁང་ལ་ཞུས་ཀྱང་འབྲས་བུ་བྱུང་མེད་ལུགས་བཀོད་འདུག།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎