ཁྲིམས་འགལ་ངང་གཏེར་ཁ་བསྔོག་མཁན་ལ་ངོ་རྒོལ་ཞུ་གཏུག


2016.05.04
རྟའུ་རྫོང་གསེར་ཁ་ཡུལ་ཚོའི་ལྕམ་པ་སྡེ་བ་ནས་གཏེར་ཁ་བསྔོག་ཡུལ། ༢༠༡༦ རྟའུ་རྫོང་གསེར་ཁ་ཡུལ་ཚོའི་ལྕམ་པ་སྡེ་བ་ནས་གཏེར་ཁ་བསྔོག་ཡུལ། ༢༠༡༦
བོད་འབྱོར།

ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཅུག་པའི་རྟའུ་ཁུལ་དུ་གསེར་གཏེར་བསྔོགས་པའི་དབང་གིས་ས་གནས་བོད་མི་ཚོས་ངོ་རྒོལ་བྱེད་བཞིན་ཡོད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་བཅུག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྟའུ་རྫོང་གསེར་ཁ་ཡུལ་ཚོའི་ལྕམ་པ་སྡེ་བར། ཕྱི་ནས་ཡོང་བའི་གཏེར་ཁ་བསྔོག་མཁན་རྒྱ་མི་ཁག་ཅིག་གིས་ཁྲིམས་འགལ་ངང་གསེར་གཏེར་བཏོན་པའི་དབང་གིས་ས་གནས་མི་དམངས་དང་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་བཟོས་པར་བརྟེན། གསེར་ཁ་ཡུལ་ཚོའི་ལྕམ་པ་སྡེ་བའི་མང་ཚོགས་ཡོངས་ཀྱིས་ཟླ་བ་གསུམ་པའི་ནང་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ནགས་ཚལ་ལས་ཁུངས་དང་འབྲེལ་ཡོད་ཚན་པར་ཞུ་གཏུག་ཡི་གེ་ཞིག་བཏང་ཡོད་འདུག
ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ་༢༠༠༩་ལོར་ཁྲིམས་འགལ་གྱིས་གཏེར་ཁ་བསྔོག་མཁན་ཁག་ཅིག་ལྕམ་པ་སྡེ་བར་སླེབས་ཏེ་མཛེས་སྡུག་ལྡན་པའི་རྩྭ་ཐང་གི་ཞི་འཇམ་རྣམ་པ་འདི་དུས་དེ་ནས་བཟུང་མེད་པ་བཟོས་ཤིང་། ཁུལ་འདིར་གཏེར་ཁ་བསྔོག་འདོན་ཚན་པའི་མིང་གང་ཡང་མེད་པའི་མི་ཁག་ཅིག་སླེབས་ཏེ་ལྕམ་པ་སྡེ་བའི་རྩྭ་ཐང་གི་རྒྱ་ཁྱོན་མུའུ་༢༠༠་ལྷག་ཙམ་ཞིག་བཙན་བཟུང་བྱས་ནས་རྩྭ་ཐང་ལ་གཏོར་བཤིག་ཚད་མེད་བཏང་བ་དང་། ས་གནས་མང་ཚོགས་ཚོས་སྤྱི་ལོ་༢༠༡༢་ལོའི་ཟླ་༥་ཚེས་༢༢་ཉིན་གསེར་ཁ་ཡུལ་ཚོའི་འགོ་ཁྲིད་ལོས་མེའུ་ཤན་ཟེར་བ་དེར་ཞུ་གཏུག་བྱེད་སྐབས་མང་ཚོགས་ཀྱིས་ཐེ་ཇུས་བྱ་མི་ཆོག་པ་དང་གནས་ཚུལ་བྱུང་ན་རང་རང་སོ་སོ་འགན་ལེན་དགོས་པ་བརྗོད་ནས་གནས་ཚུལ་ཞུ་གཏུག་བྱེད་མཁན་མི་གསུམ་འཛིན་བཟུང་བྱས་ཡོད་འདུག།
གནས་ཚུལ་ཐག་གཅོད་མི་ཐུབ་པར་བརྟེན་རྟའུ་རྫོང་སྲིད་གཞུང་ལ་ཞུ་གཏུག་བྱས་པ་བརྒྱུད་བརྟག་དཔྱད་བྱས་རྗེས་གསེར་བཏོན་ཆེད་ཀྱི་འཕྲུལ་ཆས་༡༡གཞུང་བཞེས་བཏང་ཡོད་འདུག འབྲོག་པའི་འཐུས་མི་༡༤ཡིས་མུ་མཐུད་ཞུ་གཏུག་བྱས་པས། མཐར་རྫོང་སྲིད་གཞུང་གིས་གསེར་གཏེར་བཏོན་མཁན་གྱི་ལས་གྲ་འདི་མཚམས་འཇོག་བྱ་དགོས་པའི་བཀའ་བཏང་བ་མ་ཟད། ཉིན་༡༨་ནང་གསེར་གཏེར་བཏོན་ཆེད་ཀྱི་འཕྲུལ་ཆས་ཁག་ཕྱིར་དབོར་རྒྱུའི་ཁས་ལེན་བྱས་འདུག སྤྱི་ལོ་༢༠༡༢ལོ་ནས་ད་ལྟ་བར་གསེར་བཏོན་མེད་ན་ཡང་འཕྲུལ་ཆས་ཁག་མ་དབོར་བར་བཞག་པ་མ་ཟད། ལྷག་པར་དུ་ཉེ་དུས་ལྕམ་པ་སྡེ་བ་ནས་གསེར་བཏོན་རྒྱུ་འགོ་བཙུགས་བྱས་ཡོད་འདུག
ཉེ་ཆར་ལྕམ་པ་སྡེ་བའི་མང་ཚོགས་ཚོས་གཞུང་ལ་བཏང་བའི་ཞུ་གཏུག་ཡི་གེའི་ནང་བཀོད་པར། ས་གནས་འདི་ནི་རྒྱལ་ཡོངས་སུ་སྐད་གྲགས་ཡོད་པའི་མཛེས་ལྗོངས་ས་ཁུལ་ཏེ། གངས་དཀར་རི་བོ་དང་། བཞག་བྲ་ལྷ་རྩེ། རྒྱལ་མོ་དངུལ་ཆུ། གསེར་བྱེས་ཆུ། ལྷ་སྒང་རྩྭ་ཐང་ཆེན་མོ། ལུང་བསྟན་རྩྭ་ཐང་ཆེན་མོ་སོགས་གངས་རི་དང་ཆུ་བོ། རྩྭ་ཐང་དང་ཞིང་གྲོང་སོགས་མཛེས་ལྗོངས་ཡུལ་སྐོར་ས་གནས་གལ་ཆེ་ཞིག་ཡིན་ཞིང་། ཞིང་ཆེན་གྱི་༣༠༣་གཞུང་ལམ་གྱི་འགྲམ་ལ་(གཞི་རྩའི་རྩྭ་ཐང་སྲུང་སྐྱོབ་ས་ཁུལ་)ཞིག་ཡིན་པ་བརྗོད་འདུག     
ཞུ་གཏུག་ཡི་གེའི་ནང་མུ་མཐུད་བཀོད་པར། ལོ་ཤས་རིང་ས་ཆ་དེའི་འགོ་ཁྲིད་ལོས་མེའུ་ཤན་ཟེར་བས་གཙོ་བོ་བྱས་ཏེ་གསེར་ཁ་ཡུལ་ཚོའི་ལྕམ་པ་སྡེ་བར་ནགས་ཚལ་བཅད་པ་དང་། རྩྭ་ས་དང་ས་ཞིང་མེད་པ་བཟོས་པ། གསེར་བཏོན་པ་སོགས་ཀྱིས་མང་ཚོགས་ཀྱི་འཚོ་བའི་ཐོན་ཁུངས་ལ་གནོད་འཚེ་བཏང་བའི་ཐོག་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་ཐོན་ཁུངས་ཀྱི་གཞི་རྩ་མེད་པ་བཟོས་པ་མ་ཟད། ཁོར་ཡུལ་ལ་གཏོར་སྐྱོན་ཆེན་པོ་བཟོས་ཡོད་ལ། གསེར་བཏོན་མཁན་བཟོ་གྲས་ས་གནས་ཀྱི་ཆུ་ཡང་བཙོག་པ་བཟོས་པ་བཅས་ཀྱིས་མང་ཚོགས་ཀྱི་སེམས་ནང་རྨ་ཁ་གཏིང་རིང་ཞིག་བཟོས་ཡོད་འདུག
ད་ལྟའི་ཆར་རྩྭ་ཐང་བྱེ་ཐང་ལ་གྱུར་བ་དང་། ལོ་ལྟར་༣ ༡༤་ཟེར་བའི་དམིགས་བསལ་ཉིན་མོར་གསེར་བཏོན་རྒྱུ་ཡིན་པ་བརྗོད་པ་མ་ཟད་། ད་ལོ་ཟླ་༣ཚེས་༡༤་ཉིན་ཡུལ་ཚོའི་འགོ་ཁྲིད་ཨ་ཏའི་བུར་ཟེར་བ་དེས་ད་རེས་གསེར་བཏོན་རྒྱུ་གཏན་འཁེལ་བས་བཀག་འགོག་བྱེད་མི་ཆོག ཁྱེད་ཚོར་གསེར་རིན་སྤྲོད་ཆོག ད་ཐེངས་གསེར་བཏོན་བྱེད་པ་དེ་རྟའུ་རྫོང་དང་དཀར་མཛེས་ཁུལ་གྱི་བཀའ་རེད། གལ་ཏེ་ངོ་རྒོལ་བྱས་ན་འཇུ་བཟུང་བྱས་ཏེ་མནར་གཅོད་གཏོང་རྒྱུ་ཡིན་པ་བརྗོད་འདུག     
རྟའུ་རྫོང་གསེར་ཁ་ཡུལ་ཚོའི་ལྕམ་པ་སྡེ་བའི་མང་ཚོགས་ཚོས་མུ་མཐུད་བརྗོད་པར། རྒྱལ་ཁབ་ཀྱི་སྐྱེ་དངོས་ལ་སྲུང་སྐྱོབ་དང་ང་ཚོ་འབྲོག་པའི་ཁེ་དབང་ལ་སྲུང་སྐྱོབ་ཆེད་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚན་པ་ནས་གང་མྱུར་བརྟག་དཔྱད་གསལ་པོ་ཡོང་བའི་རེ་བ་དང་། ཁྲིམས་འགལ་ངང་གཏེར་ཁ་བསྔོག་མཁན་གྱི་ཚན་པ་དང་འགོ་ཁྲིད་ལ་ཁྲིམས་ཐོག་ནས་ལུགས་མཐུན་ངང་ཁྲིམས་བཅད་དགོས་པའི་རེ་བ་བཏོན་འདུག་ལ། མི་དམངས་སྲིད་གཞུང་ནས་ང་ཚོར་ལུགས་མཐུན་གྱི་ལན་ཞིག་སྤྲོད་དགོས་པའི་རེ་བ་བཏོན་འདུག

ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎