སྟོད་གོས་དང་ཁ་རས་ནག་པོ་གྱོན་པའི་ལས་འགུལ།

བཞུགས་སྒར་དུ་དགེ་ལས་སློབ་ཕྲུག་ཁག་ཅིག་ནས་བོད་ཆས་གྱོན་པ་དང་། སྟོད་གོས་ནག་པོ་དང་། ཁ་ལ་རས་ནག་པོས་བཏུམས་ཏེ། ཞི་བའི་གོམ་བགྲོད་དང་། ཟས་བཅད་ཀྱི་ངོ་རྒོལ་གནང་འདུག
2012-12-07
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།    །དེ་རིང་ཕྱི་ཚེས་༧ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཡོད་པའི་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་སློབ་ཡོངས་ནས་ལུས་ལ་བོད་ཆས་གྱོན་པ་དང་།  སྟོད་གོས་ནག་པོ་དང་། ཁ་ལ་རས་ནག་པོས་བཏུམས་ཏེ། སློབ་གྲྭའི་རྩེད་ཐང་ནས་རྡ་ས་མེག་ལོར་གྷན་ཅི་བར་གོམ་བགྲོད་གནང་བ་དང་། ཉིན་རྒྱབ་ནས་དགོང་དྲོའི་བར་གཙུག་ལག་ཁང་ཉེ་འགྲམ་དཔའ་བོའི་རྡོ་རིང་མདུན་དུ་ཉིན་ཕྱེད་རིང་ཟས་བཅད་ངོ་རྒོལ་གནང་ཡོད་འདུག   ལས་འགུལ་དེ་གཙོ་བོ་བོད་ནང་རང་ལུས་མེར་སྲེག་གཏོང་བཞིན་པའི་ ཛ་དྲག་གི་གནས་སྟངས་ཐོག་འཛམ་གླིང་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་ཡོང་རྒྱུའི་འབོད་སྐུལ་ལས་འགུལ་ཞིག་ཡིན་པ་རེད་འདུག
ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་སློབ་ལས་བྱེད་ཐུན་མོང་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བེན་ཀི་མུཎ་མཆོག་གི་མཚན་ཐོག་ཏུ་ བོད་ནང་གི་ཛ་དྲག་གནས་སྟངས་ཐོག་དོན་ཚན་གསུམ་བཀོད་པའི་འབོད་སྐུལ་ཞུ་ཡིག་ཞིག་ཕུལ་རྒྱུ་ཡིན་པ་རེད།   འབོད་སྐུལ་གྱི་ཞུ་ཡིག་དེའི་ནང་།    ད་ལྟའི་ང་ཚོའི་ཕ་ཡུལ་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ཀྱི་རང་སྲེག་ངོ་རྒོལ་གནས་སྟངས་ཤེས་རྟོགས་དང་བསྐྱར་ཞིབ་གནང་བའི་ཐོག  ང་ཚོའི་ཕ་མ་སྤུན་མཆེད་དང་ཕུ་ནུ་མིང་སྲིང་ཚོའི་ཚེ་སྲོག་གི་འབོད་སྒྲ་སྟེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕྱིར་ཕེབས་འཇུག་དགོས་པ་དང་།  བོད་ལ་རང་དབང་དང་།  སྐད་ཡིག་རང་དབང་སྤྲོད་དགོས་པ།  མི་རིགས་འདྲ་མཉམ་དགོས་ཟེར་བ་བཅས་ལ་བརྡ་ལན་ཞིག་གནང་རོགས་ཞུ་རྒྱུ་དང་།  གཉིས་པ།   རྒྱ་ནག་གཞུང་གིས་ང་ཚོའི་སྤུན་ཟླ་དག་གི་རང་སྲེག་གི་ལས་འགུལ་སྤེལ་དགོས་པ་དེ་ཁྱིམ་ཚང་དང་བཟའ་ཚང་དབར་གྱི་གནད་དོན་དང་དཀའ་ངལ་ལྟ་བུར་ཁ་བསྒྱུར་བྱེད་ཐབས་བྱེད་བཞིན་པ་དེར་རྟག་དཔྱད་ཞིབ་འཇུག་གནང་དགོས་པ།  དེ་བཞིན་ཁོང་ཚོའི་ཤུལ་ལུས་ཕ་མ་དང་བཟའ་ཟླ་ བུ་ཕྱུག གྲོགས་པོ་འབྲེལ་ཡོད་སོགས་ལ་སྐྱོན་འཛུགས་ཀྱིས་ཁྲིམས་ལ་སྦྱོར་བ་དང་བཙོན་དུ་འཇུག་པ་ས་གནས་སོ་སོར་དམ་བསྒྲགས་ཀྱིས་ཡ་ང་སྙིང་རྗེ་བྲལ་བའི་གདུག་རྩུབ་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་སོགས་ལ་ཞིབ་འཇུག་གནང་ནས་བོད་མི་ཚོའི་དཀའ་སྡུག་ལ་སྙིང་རྗེ་སྒོམ་རོགས་ཞུ་རྒྱུ་ཡིན་ཞེས་འཁོད་འདུག །

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།