གཟི་ཚ་སྡེ་དགུའི་གཙང་རྩའི་ས་ཡོམ་ཁྲོད་ཉུང་མཐར་མི་གྲངས་༡༩་གྲོངས་འདུག

2017-08-09
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
གཟི་ཚ་སྡེ་དགུའི་ས་ཡོམ་བྱུང་ཁུལ། ༢༠༡༧།༨།༨
གཟི་ཚ་སྡེ་དགུའི་ས་ཡོམ་བྱུང་ཁུལ། ༢༠༡༧།༨།༨
བོད་འབྱོར།

གཟི་ཚ་སྡེ་དགུ་ལ་འགུལ་ཚད་རིམ་པ་༧་ཙམ་གྱི་ས་ཡོམ་རྒྱབ་པའི་ཁྲོད་ཉུང་མཐར་མི་གྲངས་༡༩་གྲོངས་བ་དང་མང་པོར་རྨས་སྐྱོན་བྱུང་འདུག
སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གཟི་ཚ་སྡེ་དགུ་རྫོང་གཙང་རྩ་གྲོང་བརྡལ་ལ་ཕྱི་ཟླ་ ༨ ་ཚེས་ ༨་ཀྱི་མཚན་མོ་ཚོུད་ ༩ ་དང་སྐར་མ་ ༢༠ ཙམ་ལ་ས་ཡོམ་འགུལ་ཚད་ ༧ ་ཙམ་བརྒྱབ་པའི་གོད་ཆག་ཁྲོད། ད་བར་མི་གྲངས་༡༩་འདས་གྲོངས་དང་། མི་གྲངས་གསུམ་བརྒྱ་མ་ཟིན་ཙམ་ལ་རྨས་སྐྱོན་བྱུང་འདུག་ཅིང་། ཁང་པ་ཧ་ཅང་མང་པོར་གཏོར་སྐྱོན་ཕོགས་ཡོད་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ས་ཡོམ་ཀྱི་གོད་ཆགས་བྱུང་ཡུལ་གྱི་ས་གནས་ལྟེ་བ་ནི་གཙང་རྩ་གྲོང་བརྡལ་ཡིན་འདུག་ཅིང་། གྲོང་བརྡལ་དེའི་ནང་བོད་རིགས་གཙོ་བོ་བྱེད་པའི་མི་རིགས་སྣེ་མང་ཡོད་ས་ཤིག་ཡིན་འདུག
རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་གོད་ཆགས་ཕོག་ཡུལ་གྱི་ས་གནས་ཁག་ཏུ་ཛ་དྲག་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་བཞིན་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་གིས་ཀྱང་ཛ་དྲག་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་ཚད་མྱུར་དུ་གཏོང་དགོས་པ་གསུངས་ཡོད་པ་སོགས་ཀྱི་གནས་ཚུལ་ཤུགས་ཆེ་ཁྱབ་སྤེལ་བྱེད་བཞིན་ཡོད་པ་རེད།  
འོན་ཀྱང་འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་མཁོ་སྤྲོད་བྱུང་དོན་ལྟར་ན།  ས་ཡོམ་བརྒྱབ་ཡུལ་གཟི་ཚ་སྡེ་དགུ་ནི་ཉིན་ལྟར་ཡུལ་སྐོར་སྤྲོ་འཆམ་པ་ཁྲི་གསུམ་ཙམ་བསྐྱོད་ཡུལ་ཧ་ཅང་གྲགས་ཆེ་བའི་ས་ཁུལ་ཞིག་ཡིན་པ་དང་། ད་ལྟའི་འཆར་ཛ་དྲག་མྱུར་སྐྱོབ་ཀྱི་ལས་དོན་ནི་ཡུལ་འཁོར་སྤྲོ་འཆམ་པ་དེ་དག་སྐྱོབ་ཐབས་དང་ཉེན་ཡོལ་ཆེད་ས་གནས་གཞན་དུ་གཏོང་ཐབས་གཙོ་བོ་བྱེད་བཞིན་པ་ལས་ས་གནས་མང་ཚོགས་ཀྱི་དཀའ་ངལ་ལ་དོ་སྣང་བྱེད་ཀྱི་མེད་པ་བརྗོད་འདུག
བོད་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་དེའི་ནང་།  ས་ཡོམ་བྱུང་ནས་ཆུ་ཚོད་༡༩་འགྲོ་གི་ཡོད་པ་རེད། གནོད་ཐེབས་ས་ཁུལ་གྱི་མྱུར་སྐྱོབ་ཚོགས་པ་ཁག་གིས་ས་གནས་དེར་སླེབས་པའི་ཡུལ་སྐོར་སྤྲོ་འཆམ་པ་འགྲུལ་པ་ཚོར་རོགས་རམ་གཙོ་བོར་བཟུང་སྟེ། ང་ཚོ་ས་གནས་རང་གི་མང་ཚོགས་རྣམས་བརྗེད་ཟིན་པ་འདྲ། རི་ཁུག་ན་ཡོད་པའི་སྡེ་བ་དེ་དག་ལ་གློག་ཆད་པ་དང་། ཆུ་ཆད་པ།ཁང་པར་གཏོར་བཤིག་ཐེབས་པ་བཅས་གནོད་འཚེ་འདྲ་མིན་ཐེབས་ཡོད་པས། མི་ཚང་མའི་ཚེ་སྲོག་འདྲ་མཉམ་ཡིན་པས།ང་ཚོར་ཡང་རོགས་རམ་གནང་རོགས་ཞུ། སྡེ་བ་ཁ་ཤས་ཀྱི་མང་ཚོགས་རང་ངོས་ནས་ཕན་ཚུན་རོགས་རམ་བྱེད་བཞིན་ཡོད་ཀྱང་། ཟས་རིགས་དང་འཐུང་ཆུ། སྦྲ་གུར་སོགས་གཞི་རྩའི་མཁོ་དངོས་ཧ་ཅང་དགོས་མཁོ་ཆེ་ཞིང་། བརྡ་འཕྲིན་ཆད་ནས་ཕྱི་ལ་འབྲེལ་བ་བྱེད་ཐུབ་ཀྱི་མེད་པ་སོགས་བརྗོད་འདུག
གཟི་ཚ་སྡེ་དགུའི་གཙང་རྩ་གྲོང་བརྡལ་ནང་ས་འགུལ་བྱུང་བའི་རྗེས་སུ་།དེ་མ་ཐག་རྫོང་ཡོངས་ལ་གློག་ཆད་ཡོད་པ་དང་།གནས་ཚུལ་མིག་མཐོང་མཁན་དང་པར་སོགས་ཀྱི་ནང་གཟི་ཚ་སྡེ་དགུ་ཡུལ་སྐོར་སྤྲོ་འཆམ་ས་གནས་སུ་ཁང་བ་རྡིབ་པ་དང་གཏོར་བཞིག་སོང་པའི་གནས་སྟངས་གང་ས་གང་དུ་མཐོང་རྒྱུ་ཡོད་པ་རེད།
ལོ་ཤས་སྔོན་ནས་གཟི་ཚ་སྡེ་དགུ་རྫོང་གསར་དུ་བཙུགས་ནས་དམིགས་བསལ་གྱི་ཡུལ་སྐོར་སྤྲོ་འཆམ་ས་གནས་སུ་བསྒྱུར་ཡོད་ལ།ད་ལྟ་དེ་ན་བོད་མི་ཇི་ཙམ་གནས་སྡོད་བྱས་ཡོད་པ་གསལ་ཆ་མེད་ནའང་།ད་ཐེངས་ས་འགུལ་བྱུང་སའི་ས་གནས་གཙོ་བོར་སྤྱིར་བཏང་མི་གྲངས་ཁྲི་གཉིས་ཙམ་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ་དང་ལྕགས་མོ་མཚོ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།