སི་ཁྲོན་ནས་རྒྱ་ནག་ལ་ངོ་རྒོལ་དང་དྲག་གནོན་འཛིན་བཟུང་།


2017.05.26
རྒྱ་ནག་ཀོང་ཀྲོའུ་ཕྱོགས་ཀྱི་སྡོད་ཁང་གཏོར་བཤིག་གི་རྣམ་པ། ༢༠༡༢ རྒྱ་ནག་ཀོང་ཀྲོའུ་ཕྱོགས་ཀྱི་སྡོད་ཁང་གཏོར་བཤིག་གི་རྣམ་པ། ༢༠༡༢
AFP

སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ཁྲིན་ཧྭ་ས་ཁུལ་གྱི་ཁང་པ་བཤིག་སྤོ་བྱས་པའི་མི་ཚང་ ༥༠༠ ལྷག་གིས་བཟོ་སྐྲུན་སྤུས་ཀ་ཚད་ལྡན་མིན་པའི་སྡོད་ཁང་དུ་གནས་སྤོ་རྒྱུར་ངོ་རྒོལ་བྱས་པར། ས་གནས་རྒྱ་ནག་གཞུང་གིས་ཉེན་རྟོག་པ་བརྒྱ་ཕྲག་འགའ་མངགས་ནས་ངོ་རྒོལ་བའི་ལག་གི་འཕྲད་དར་འཕྲོག་པ་སོགས་དྲག་གནོན་བྱས་ནས་མི་མང་པོར་རྨས་སྐྱོན་དང་འཛིན་བཟུང་བྱས་ཡོད་འདུག
དེ་ཡང་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ཁྲིན་ཧྭ་ས་ཁུལ་གྱི་གྲོང་ཚོ་གསུམ་གྱི་ཁང་པ་བཤིག་སྤོ་བྱས་པའི་མི་ཚང་ ༥༠༠ ལྷག་གིས་གཞུང་གིས་བཟོ་སྐྲུན་སྤུས་ཀ་ཚད་ལྡན་མིན་པའི་སྡོད་ཁང་དུ་གནས་སྤོ་བྱ་དགོས་པའི་བཙན་བཀའ་ལ་མ་དགའ་བར། སྤྱི་ཟླ ༥ ཚེས ༢༥ ཉིན་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་ཞིག་སྤེལ་བར། ས་གནས་གཞུང་གིས་དམིགས་བསལ་ཉེན་རྟོག་པ་དང་། དྲག་ཆས་ཉེན་རྟོག་པ། གྲོང་ཁྱེར་དོ་དམ་མི་སྣ་སོགས་བརྒྱ་ཕྲག་འགའ་བཏང་ནས་དྲག་གནོན་བྱས་སྟབས། གདོང་ཐུག་དྲག་པོ་བྱུང་ཡོད་པ་དང་། ངོ་རྒོལ་ཁྲོད་ཀྱི་བུད་མེད་ཅིག་གིས་སྐབས་དེར་ས་གནས་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་གསལ་བཤད་བྱས་པ་ལྟར་ན། དང་ཐོག་ལོ་གསུམ་ནས་བཞིའི་ནང་ང་ཚོར་སྡོད་གནས་བཀོད་སྒྲིག་བྱེད་རྒྱུ་ཁས་བླངས་པ་རེད། ཡིན་ན་ཡང་ལོ་བདུན་གྱི་རྗེས་སུ་མ་གཏོགས་སྡོད་གནས་འགྲུབ་མེད། ད་ལྟ་སྡོད་ཁང་འགྲུབ་ཀྱང་སྤུས་ཀ་ཧ་ཅང་ཞན་པས་ང་ཚོས་རྒྱུ་མཚན་འཚོལ་སྙེག་དང་ལས་རྒྱུ་འབྲས་བཤད་པ་ཙམ་ཡིན། འོན་ཀྱང་གཞུང་གིས་ཉེན་རྟོག་པ་སོགས་བཏང་ཡོད་ནས་གཅར་རྡུང་། འཛིན་བཟུང་། བཀག་ཉར་སོགས་བྱས་པའི་མ་ཚད། ལོ་ན་བརྒྱད་ཅུ་དགུ་བཅུ་ཅན་གྱི་རྒན་རྒོན་ལའང་གཅར་རྡུང་བྱས་ལུགས་འབྲེལ་བརྗོད་བྱས་བྱུང་།
དེ་བཞིན་ས་གནས་མི་དམངས་ཞོ་ཀྲུག་ཟེར་བ་ཞིག་གིས། བཟོ་སྐྲུན་སྤུས་ཀ་ཚད་ལྡན་མིན་པའི་སྡོད་ཁང་དུ་གནས་སྤོ་བྱེད་རྒྱུ་དང་འབྲེལ་བ་ཆགས་པའི་མི་ཚང་བདུན་སྟོང་ལྷག་ཡོད་པ་དང་། གསར་དུ་བསྐྲུན་པའི་སྡོད་ཁང་དག་ཏུ་གནས་སྤོ་མ་བྱས་གོང་ནས་རྩིག་པར་སེར་ག་གས་ཡོད་པ་དང་། ཁང་མིག་ཤིན་ཏུ་ཆུང་ཆུང་ཡིན་པའི་མ་ཚད། གློག་སྐས་ནང་མི་བཞི་ལས་མི་ཤོང་བ་སོགས་བཟོ་སྐྲུན་ཚད་ལྡན་མིན་ལུགས་འགྲེལ་བརྗོད་བྱས་བྱུང་།
རྒྱ་ནག་ཏུ་ཁེ་བཟང་ཤོག་ཁག་དཔོན་རིགས་དང་ཚོང་པ་ངན་འབྲེལ་བྱས་ནས་ནམ་རྒྱུན་གྲོང་ཁྱེར་འཛུགས་སྐྲུན་ལ་ཁ་གཡར་སྟེ་མང་ཚོགས་ཀྱི་སྡོད་ཁང་བཙན་དབང་གིས་བཤིག་སྤོ་བྱེད་དུ་འཇུག་པའི་དོན་རྐྱེན། འདས་པའི་ལོ་ངོ་བཅུ་ཕྲག་རིང་བསྟུད་མར་བྱུང་ཡོད་ལ། དེའི་སྟབས་ཀྱིས་ངོ་རྒོལ་རིགས་ཀྱི་ལས་འགུལ་ཡང་བསྟུད་མར་བྱུང་གིན་ཡོད། ཡིན་ན་ཡང་། གྱོང་རག་མཁན་དེ་ནམ་ཡིན་ཡང་མི་དམངས་ཚོ་ཡིན་ལ་གཞུང་གིས་ཁེ་བཟང་ཤོག་ཁག་གི་ཁེ་བཟང་སྲུང་སྐྱོབ་བྱེད་རྒྱུ་ལས་མི་དམངས་ཀྱི་བདེ་སྡུག་དང་དྲང་བདེན་ལ་ཁ་ཡ་མི་བྱེད་ཅེས་གནད་དོན་དབྱེ་ཞིབ་པས་སྐྱོན་བརྗོད་བྱས་འདུག

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎