བོད་མི་ཚོས་ས་ག་ཟླ་བའི་ཚེས་ཆེན་བཅོ་ལྔར་རོལ་འདུག


2017.06.09
བོད་དང་བལ་ཡུལ་སོགས་སུ་ས་ག་ཟླ་བའི་སྐབས། ༢༠༡༧།༦ བོད་དང་བལ་ཡུལ་སོགས་སུ་ས་ག་ཟླ་བའི་སྐབས། ༢༠༡༧།༦
སྤྱི་ཚོགས་དྲ་ལམ།

ས་ག་ཟླ་བའི་ཚེས་༡༥ཉིན་མོར་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ནང་དང་བལ་ཡུལ་གྱི་གནས་ཆེན་ཁག་ལ་དད་ལྡན་པ་ཚོས་ངན་སློང་ལ་སྤྱིན་གཏོང་དང་ཁོར་ཡུག་གཙང་བཟོ་གནང་འདུག
དེ་ཡང་ས་ག་ཟླ་བའི་ཚེས་༡༥་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་དང་གཙུག་ལག་ཁང་། ཕོ་བྲང་པོ་ཏཱ་ལ་བཅས་སུ་དད་ལྡན་མང་ཚོགས་ཧ་ཅང་མང་པོ་འདུ་འཛོམས་ཀྱིས་ཞབས་སྐོར་དང་མཆོད་འབུལ་ཞུ་བཞིན་ཡོད་པའི་སྐོར་ལྷ་ས་ནས་བོད་མི་ཅིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
གོང་ཞུས་བོད་མི་དེས་གསུངས་ན། ལྷ་སའི་བར་སྐོར་ལ་བོད་ཚེས་ ༡༤ མཚན་གང་སྐོར་ཚད་བསག་མཁན་མཚམས་མ་ཆད་པ་ཡོད་པ་དང་། དེ་མིན་བར་སྐོར་ནང་ཟས་གོས་ཀྱི་སྤྱིན་གཏོང་གནང་མཁན་སྦྱིན་བདག་མང་པོ་ཡོད་འདུག ད་དུང་ཚེས་༡༥་དང་སྟབས་བསྟུན་སེམས་ཅན་མང་པོ་ཉོས་ནས་སྲོག་བླུ་ཚེ་ཐར་བཏང་པ་དང་། སྨྱུང་གནས་སྲུང་བ་སོགས་ཉིན་མཚན་གཉིས་ཀར་སྡིག་སྤོངདགེ་སྒྲུབ་ཀྱི་བྱ་བ་རྒྱ་གང་ཆེ་གནང་མཁན་དད་ལྡན་མང་ཚོགས་ཚང་ཀ་ཤིག་ཤིག་ཡོད་འདུག་ལ། དམིགས་བསལ་བོད་ཚེས་༡༤འི་དགོང་མོ་ཆར་པ་བབས་བཞིན་ཡོད་ནའང་དད་ལྡན་མང་པོས་གནམ་གཤིས་ལ་མ་འཛེམས་པར་མུ་མཐུད་རྐྱང་ཕྱག་འཚལ་བ་དང་། བསྐོར་བར་ཕེབས་པ་སོགས་ཧ་ཅང་དད་པ་བསྐྱེད་དགོས་པའི་རྣམ་པ་ཞིག་མཐོང་རྒྱུ་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
དེ་དང་ཕྱོགས་མཚུངས་བལ་ཡུལ་གྱི་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་དང་། འཕགས་པ་ཤིང་ཀུན་བཅས་སུ་འང་དད་ལྡན་ཆོས་མཇལ་བ་རྣམས་ཀྱིས་མཚན་སྐོར་སྐྱོན་པ། དངུལ་དང་ཟས་ཀྱི་སྦྱིན་པ་བཏང་གནང་མཁན་མང་པོ་འདུག་ལ། བལ་ཡུལ་ནང་གི་བོད་པའི་ཕོ་གསར་ཁག་ཅིག་གིས། ས་ག་ཟླ་བའི་ཚེས་༡༥ཉིན་སྦྱིན་གཏོང་ཆེད་ཞལ་འདེབས་བསྡུ་རུབ་གནང་ནས་འཕགས་པ་ཤིང་ཀུན་གྱི་མཆོད་རྟེན་ལ་བསྐོར་བ་གནང་མཁན་ཚོར་དངས་བླང་ཐོག་ནས་ཟས་དང་སྐོམ་ཆུ་སོགས་སྦྱིན་གཏོང་གནང་བཞིན་ཡོད་པ་དང་། བོད་པའི་སློབ་ཕྲུག་གི་ཚོགས་པ་ཞིག་ནས་ཀྱང་འཕགས་པ་ཤིང་ཀུན་གྱི་སྐོར་ལམ་དུ་ཁོར་ཡུག་གཙང་བཟོ་གནང་ཡོད་པ་སོགས་དད་ལྡན་པ་ཚོ་དགེ་སྒྲུབ་སྡིག་སྤོང་གི་ལས་འདྲ་མིན་ལ་ཞུགས་ཡོད་འདུག

གསར་འགོད་པ་ཀུན་བཟང་བསྟན་འཛིན། ཕབ་བཤུས་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎