༧གོང་ས་མཆོག་སྐུ་མ་བཞུཊ་པའི་མཚམས་དམངས་གཙོའི་སྒྲིག་འཛུཊ་འདིས་བོད་མིའི་མདུན་ལམ་སྐྱོང་དགོས།

༧གོང་ས་མཆོག་སྐུ་མ་བཞུཊ་པའི་མཚམས་དེར་དམངས་གཙོའི་སྒྲིག་འཛུགས་འདིས་བོད་མིའི་མདུན་ལམ་གྱི་ཁ་ཕྱོགས་བསྒྱུར་རྒྱུ་རེད་ཅེས་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་འདུག

ལྔ་དང་ལྔ་བཅུའི་འཆར་སྣང་གི་ལྷན་ཚོགས་སུ་ཆེད་བཅར་བ་རྣམས་ལ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་བཞིན་པ། ༢༠༡༧།༡༠།༥

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་མཛད་པའི་བོད་མིའི་མང་གཙོའི་སྒྲིག་འཛུགས་འདི་བཞིན་༧གོང་ས་མཆོག་སྐུ་འཚོ་བཞུགས་མ་མཛད་པའི་དུས་མཚམས་ཤིག་ལ་སླེབས་སྐབས་བོད་མིའི་མདུན་ལམ་གྱི་ཁ་ཕྱོགས་བསྒྱུར་རྒྱུ་རེད་ཅེས་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་འདུག
དེ་ཡང་སྤྱི་ཟླ་ ༡༠ ་ཚེས་ ༥འི་དགོང་མོར། བཞུགས་སྒར་རྡ་རམ་ས་ལའི་ཕཱ་ཝི་ལི་འོན་གསོལ་མགྲོན་ཁང་(Hotel Pavilion)་དུ་ལྔ་དང་ལྔ་བཅུའི་འཆར་སྣང་གི་ལྷན་ཚོགས་སུ་ཆེད་བཅར་བ་རྣམས་ལ་གསོལ་སྟོན་ཞིག་བཤམས་པའི་མཛད་སྒོའི་ཐོག་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྱུང་འགྱུར་བོད་མིའི་འཐབ་རྩོད་ཀྱི་རྣམ་པར་དགོངས་ཚུལ་གསུངས་སྐབས། ད་ལྟའི་བོད་མིའི་ཆབ་སྲིད་ཀྱི་འཐབ་རྩོད་དེ་དུས་སྐབས་མི་འདྲ་བ་གསུམ་དུ་ཆ་བགོས་གནང་ནས་དུས་རབས་ ༢༠ ་ནང་ལྔ་དང་ལྔ་བཅུ་དང་། དུས་རབས་ ༢༡ ་ནང་དྲུག་དང་དྲུག་བཅུ་སོགས་དབྱེ་ཆོག་ཚུལ་གསུངས་པ་དང་སྦྲགས། སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཚེ་མེད་ཞི་བ་དང་དམངས་གཙོའི་ལམ་བཟང་ཐོག་ཤར་བསྐྱོད་མཛད་པ་དེས་བོད་དོན་འཐབ་རྩོད་ལ་ད་བར་ཁྱོན་ཡོངས་ནས་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད་པ་མ་ཟད། འབྱུང་འགྱུར་ཡང་དུས་ཡུན་རིང་པོའི་རིང་མུ་མཐུད་ནས་བཞེངས་ཕྱོགས་དེ་ཁ་ཕྱོགས་མ་ནོར་བ་ཞིག་ཐོག་ནས་གནས་རྒྱུ་ཡིན་སྐོར་གསུངས་པ་དང་ཆབས་ཅིག ནམ་ཞིག༧གོང་ས་མཆོག་སྐུ་འཚོ་བཞུགས་མེད་པའི་དུས་སྐབས་ཤར་ཚེ་བོད་མི་ཚོའི་གནས་སྟངས་ཇི་འདྲ་ཞིག་ཏུ་གྱུར་མིན་ཐད་སེམས་འཚབ་གནང་བ་དང་སྦྲགས། སྤྱི་ནོར༧གོང་ས་མཆོག་གིས་བོད་མི་ཚོར་ཞལ་བཞེས་བཟང་པོ་མཛད་པ་ལྟར་དུས་ཡུན་རིང་པོའི་བར་སྐུ་འཚོ་བཞུགས་མཛད་རྒྱུ་ངེས་པ་རེད། འོན་ཀྱང་ནམ་ཞིག ༧གོང་ས་མཆོག་སྐུ་འཚོ་བཞུགས་མེད་པའི་དུས་སྐབས་ཤིག་ཤར་ཚེ་བོད་མི་ཚོར་མུན་ནག་གི་དུས་སྐབས་ཤིག་ཆགས་སྲིད། དུས་སྐབས་དེའི་མཚམས༧གོང་ས་མཆོག་གིས་གསོལ་སྩལ་མཛད་པའི་དམངས་གཙོའི་སྲིད་གཞུང་འདིས་བོད་མིའི་མདུན་ལམ་སྣེ་ཁྲིད་བྱ་རྒྱུ་རེད། ཅེས་གསུངས་འདུག
ཕྱོགས་མཚུངས་རིན་པོ་ཆེ་མཆོག་གིས་ད་ལྟའི་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ངན་པ་ཞིག་ལག་བསྟར་བྱེད་བཞིན་པར་བརྟེན་ང་ཚོས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཐོག་ངེས་པར་དུ་ཤུགས་རྒྱག་དགོས་པ་དང་། ལྷག་པར་ཕྱི་རྒྱལ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་དེའི་ཐོག་ངེས་པར་དུ་ཤུགས་རྒྱག་དགོས་ཞེས་སོགས་གསུངས་འདུག

གསར་འགོད་པ་སྟག་ལྷ་རྒྱལ།