རང་ལུས་མེར་བསྲེགས་ཁང་པའི་མེ་སྐྱོན་ལ་བསྒྱུར་ཐབས་གནང་བ།

2016-03-18
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཉག་རོང་ལ་རང་ལུས་མེར་སྲེག་གནང་མཁན་སྐལ་བཟང་དབང་འདུས་དང་རྒྱ་གར་སྡེ་ར་ལྡུན་རང་ལུས་མེར་སྲེག་གནང་མཁན་རྡོ་རྗེ་ཚེ་རིང་གཉིས་ཀྱི་ཉེ་པར།
ཉག་རོང་ལ་རང་ལུས་མེར་སྲེག་གནང་མཁན་སྐལ་བཟང་དབང་འདུས་དང་རྒྱ་གར་སྡེ་ར་ལྡུན་རང་ལུས་མེར་སྲེག་གནང་མཁན་རྡོ་རྗེ་ཚེ་རིང་གཉིས་ཀྱི་ཉེ་པར།
ས་གནས་ནས་བཏང་བ།

དེ་ཡང་གནས་ཚུལ་ཡོང་ཁུངས་ལྟར་ན། ཉེ་ཆར་བོད་ནང་དུ་སྐུ་ཞབས་སྐལ་བཟང་དབང་འདུས་ལགས་ཀྱིས་བོད་དོན་ཆེད་དུ་རང་ལུས་མེར་བསྲེག་བཏང་སྟེ་འདས་གྲོངས་ཕྱིན་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁོང་གི་ནང་མིར་ཁང་པ་མེ་སྐྱོན་ཤོར་བའི་ནང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཤོད་དགོས་པའི་བཙན་བཀའ་གཏོང་གི་ཡོད་པ་རེད།
དཀར་མཛེས་ཉག་རོང་རྫོང་མཚོ་ཁ་ཨརྱ་གླིང་དགོན་པའི་དགུང་གྲངས་༡༨་ལ་ཕེབས་པའི་སྐུ་ཞབས་སྐལ་བཟང་དབང་འདུས་ལགས་ཀྱིས་ཉེ་ཆར་བོད་དོན་ཆེད་དུ་རང་ལུས་མེ་བསྲེག་བཏང་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས། ཁོང་གི་ནང་མིར་བཙན་དབང་གི་སྒོ་ནས་སྐལ་བཟང་དབང་འདུས་ལགས་ཁང་པ་མེ་སྐྱོན་ཤོར་བའི་ནང་འདས་གྲོངས་སུ་ཕྱིན་པའི་སྐོར་ཤོད་དགོས་པའི་སྡིགས་ར་སྐུལ་བ་མ་ཟད་། ཉག་རོང་རྫོང་གི་ས་གནས་བོད་མི་རྣམས་ཀྱང་སྐུ་ཞབས་སྐལ་བཟང་དབང་འདུས་ལགས་ཀྱི་ནང་དུ་སེམས་གསོ་དང་མྱ་ངན་ཞུ་བར་ཡང་མ་བཏང་བར་བཀག་འགོག་བྱས་ཏེ་། གལ་ཏེ་འགྲོ་མཁན་བྱུང་ཚེ་ཉེས་ཆད་གཏོང་རྒྱུའམ་ཡང་ན་འཛིན་བཟུང་བྱ་རྒྱུའི་འཇིགས་སྐུལ་བྱས་པའི་གནས་ཚུལ་བྱུང་ཡོད་པའི་སྐོར་བཀོད་ཡོད་པ་རེད།
སྐུ་ཞབས་སྐལ་བཟང་དབང་འདུས་ལགས་ཀྱིས་ཕྱི་ཟླ་གཉིས་པའི་ཚེས་༢༩ རེས་གཟའ་ཟླ་བའི་ཉིན་ཉག་རོང་རྫོང་གི་དགོན་པའི་ཉེ་འདབས་སུ་རང་ལུས་མེ་བསྲེག་བཏང་ནས། ལུས་ལ་མེ་ལྕེ་འབར་བཞིན་དུ་བོད་ལ་རང་དབང་རང་བཙན་དགོས་ཤེས་འབོད་ཚིག་སྒྲོག་ཡོད་པ་དང་། ས་གནས་ཀྱི་བོད་མིས་གནས་ཚུལ་དེ་མཐོང་མ་ཐག་ཁོང་གི་ལུས་ཐོག་ཏུ་འབར་བཞིན་པའི་མེ་ལྕེ་གསོད་ཐབས་བྱས་པ་དང་། དང་ཐོག་ཉག་རོང་རྫོང་གི་མི་དམངས་སྨན་ཁང་དུ་བསྐྱལ་ཡོད་ཀྱང་ཛ་དྲག་གི་མྱུར་སྐྱོབ་བྱ་རྒྱུའི་ཆེད་དུ་ཁྲིན་ཏུའུ་སྨན་ཁང་དུ་བསྐྱལ་བའི་ལམ་བར་འདས་གྲོངས་སུ་གྱུར་ཡོད་པ་རེད།
བོད་ནང་རང་ལུས་མེ་བསྲེག་གཏོང་བའི་དོན་རྐྱེན་གྱི་རྐྱེན་པས་ས་གནས་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་དང་ཟིང་ཆའི་དོན་རྐྱེན་རིགས་མུ་མཐུད་མི་ཡོང་བ་འགོག་ཐབས་ཀྱི་ཆེད་དུ་རྒྱ་ནག་གཞུང་གིས་ས་གནས་མང་ཚོགས་ཐོག་དམ་དྲག་བྱ་སྤྱོད་ཤུགས་ཇེ་ཆེར་བཏང་ཡོད་པ་དང་། ཉེ་བའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་གྱི་སྔ་ནུབ་བོད་ནང་གི་ས་ཁུལ་མང་པོའི་ནང་དྲ་རྒྱ་བཀག་ཡོད་པ་རེད།

གསར་འགོད་པ་གཡུ་སྒྲོན།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།