བོད་ནང་དམ་བསྒྲགས་ཆེ་རུ་བཏང་བ།

ཚོགས་ཆེན་༡༨དང་བསྟུན། སྐལ་བཟང་སྦྱིན་པ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་ཐོན་པའི་རྗེས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་དུ་སྔར་བས་དམ་བསྒྲགས་ཆེ་རུ་བཏང་ཡོད་པ་རེད།
2012-11-09
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།    །དེ་རིང་རེས་གཟའ་པ་སངས་ཉིན་ཕ་རན་སི་གསར་སྤེལ་ལས་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན།    འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང༌། བོད་ནང་གནས་སྡོད་བྱེད་མཁན་བོད་མི་ཚོས་གསུངས་པ་ལུང་འདྲེན་དང་སྦྲགས།    རྒྱ་ནག་གཞུང་ནས་བོད་ནང་དེང་སྐབས་དམ་བསྒྲགས་ཆེ་རུ་བཏང་ཡོད་སྐོར་གྱི་གནས་ཚུལ་སྤེལ་འདུག གནས་ཚུལ་དེའི་ནང་ད་དུང་། ཕྱི་ཟླ་བཅིུག་པའི་ཚེས་༧ དང་༨ ཉིན་གྲངས་གཉིས་ནང་བོད་མི་དྲུག་གིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་ནག་ཏུ་མི་རབས་ལྔ་པའི་འགོ་ཁྲིད་གསར་པ་འཕོ་འགྱུར་གྱི་ཚོགས་ཆེན་ཚོགས་རྒྱུའི་སྔ་ནུབ་ནས་བོད་ནང་དུ་རང་ལུས་མེར་བསྲེགས་བཏང་བ་དེ་ནི་༢༠༠༨ ལོར་བོད་ཆོལ་ཁ་གསུམ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བ་ནས་བཟུང་བོད་ནང་གི་གནས་ཚུལ་ཐབས་སྡུག་ཤོས་ཤིག་ཡིན་ཞིང༌། བོད་ཀྱི་གནད་དོན་ཐོག་ལ་དོ་སྣང་བྱེད་མཁན་ཚོས། ཕྱི་ཟླ་༡༡ཚེས་༧རེས་གཟའ་ལྷག་པ་དང་ཚེས་༨ཕུར་བུའི་ཉིན་བོད་ནང་དུ་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་བྱུང་བ་དེ་ནི། རྒྱ་ནག་གུང་ཁྲན་ཏང་གི་ཚོགས་ཆེན་དང་བསྟུན་ནས་གནང་བར་ངོས་འཛིན་བྱེད་ཀྱི་ཡོད་པ་དང༌། ད་དུང་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་སྲིད་པ་དང༌། རྒྱ་ནག་གི་འགོ་ཁྲིད་དང་བོད་མིའི་དབར་གྱི་འཁོན་འཛིན་གྱི་རྣོ་ངར་ཆེ་རུ་འགྲོ་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་བཀོད་བཞག
ད་དུང་གསར་ཤོག་དེའི་ཐོག་ལ། ༢༠༠༩ ནས་བཟུང་བོད་ནང་དུ་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་ཐོན་པ་ནས་བཟུང་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་མི་དགའ་བ་དང་།    འཁོན་འཛིན་རྣོ་ངར་ཇེ་ཆེར་ཕྱིན་ཡོད་པ་དང༌། ད་བར་བོད་མི་༦༩ ཡིས་རང་ལུས་མེར་བསྲེགས་བཏང་བའི་ནང་ནས་༥༤ འདས་གྲོངས་སུ་ཕྱིན་ཡོད། བོད་མི་ཚོས། བོད་ནང་དུ་རང་ལུས་མེར་བསྲེགས་བཏང་བའི་གནས་སྟངས་དེ་ཡིས།    བོད་ནང་གི་བོད་མི་ཚོ་རྒྱ་ནག་གི་དབང་བསྒྱུར་འོག་དཀའ་སྡུག་ཆེན་པོ་མྱོང་བཞིན་ཡོད་པ་མཚོན་ཐུབ་པ་ཞིག་དང༌། ལྷག་དོན་རྒྱ་ནག་གི་འགོ་ཁྲིད་ཚོར་བོད་ཀྱི་གནས་སྟངས་བརྡ་གསལ་པོ་ཞིག་སྤྲད་པར་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་བཀོད་བཞག།




མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།