གཞོན་ནུ་དཔལ་ལྡན་གྱི་སྐུ་གཟུགས་གནས་སྟངས་ཧ་ཅང་སྡུག་པོ་ཡོད་པ།

2017-12-20
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་ལགས། ༢༠༡༧།༡༠
ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་ལགས། ༢༠༡༧།༡༠
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་།

༄༅།    །བོད་མདོ་སྨད་རྨ་ཆུ་རྫོང་ནས་ཡིན་པ་ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་ལགས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྡུག་པོ་ཡོད་པའི་ཁར། རྒྱ་ནག་གཞུང་གིས་ཁོང་གི་བོུ་སློབ་གྲྭར་འགྲོ་རྒྱུར་བཀག་འགོག་བྱེད་བཞིན་ཡོད་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་འདུག
ལོ་ན་ ༤༠ སོན་པ་གཞོན་ནུ་དཔལྡན་ལགས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༨ ཉིན་རྒྱ་མིའི་ཉེན་རྟོག་པ་དང་གསང་བའི་མི་སྣས་ཕྱི་ལོ་ ༢༠༠༨ ལོའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་ཤིང་།  ལོ་གཉིས་དང་ཟླ་བ་དགུའི་བཙོན་དུས་ཉེས་ཆད་བཀེལ་ཡང་། ལོ་གཅིག་ཙམ་བཙོན་འཇུག་བྱས་རྗེས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༣ ཉིན་གཟུགས་པོའི་གནས་སྟངས་ཧ་ཅང་སྡུག་པོའི་འོག་གློད་གྲོལ་བཏང་ཡོད་པ་རེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གཞོན་ནུ་དཔལ་ལྡན་ལགས་རྒྱ་མིའི་བཙོན་ཁང་ནང་ཡོད་སྐབས་སྡུག་སྦྱོང་མནར་གཅོད་ཤུགས་ཆེ་བཏང་བའི་རྐྱེན་གྱིས་འཚོ་ཐབས་བྲལ་བའི་གནས་སྟངས་ཤིག་གི་འོག་བཙོན་ཁང་ནས་གློད་གྲོལ་བཏང་པ་ཞིག་ཡིན་འདུག་ལ།  བཙོན་ཁང་ནས་གློད་གྲོལ་བྱུང་བ་ནས་བཟུང་ད་བར་བཤག་བཅོས་ཆེ་ཁག་ཐེངས་མ་གཉིས་བཏང་དགོས་བྱུང་འདུག་ཅིང་། བཤག་བཅོས་དང་པོ་དེ་ཕྱི་ལོ་ ༢༠༡༣ ལོར་བཏང་སྟེ། འགྲོ་སོང་རྒྱ་མིའི་སྒོར་མོ་ཁྲི་བཅུ་གཅིག་གནས་འདུག  བཤག་བཅོས་གཉིས་པ་དེ་ཕྱི་ལོ་ ༢༠༡༧ ཟླ་༡༠ ཚེས་ ༢༣ ཉིན་བཏང་ཞིང་། འགྲོ་སོང་རྒྱ་མིའི་སྒོར་མོ་ ཁྲི་བདུན་ཙམ་གནས་འདུག  ཁོང་ལ་སྙིང་ནད་དང་། ཁྲག་རྩ་འགག་པ། མིག་དབང་ཞེན་པ་དང་རྣ་མཆོག་གོ་མ་ཐུབ་པ་སོགས་ནད་གཞི་མང་པོ་ཞིག་གི་འོག་དཀའ་སྡུག་མྱོང་བཞིན་ཡོད་འདུག
གཞོན་ནུ་དཔལྡན་ལགས་དང་ཁོང་གི་བཟའ་ཟླ་གཉིས་ཀ་ཡིག་རྨོངས་པ་ཡིན་འདུག་པར་བརྟེན། ཁོང་གཉིས་ཀྱི་བོུའི་སྐྱེས་ཚེས་གཞུང་འབྲེལ་ཐོ་འགོད་བྱས་སྐབས་ནོར་བའི་རྐྱེན་གྱིས་ད་ཆ་ལོ་ན་བརྒྱད་ལ་སླེབས་པའི་བོུ་རྣམ་རྒྱལ་སྒྲོལ་མ་སློབ་གྲྭར་འགྲོ་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་འདུག  བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གི་བྱ་སྤྱོད་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏེན་འབེབས་བྱས་པའི་བྱིས་པའི་ཐོབ་ཐང་གི་ཁྲིམས་ཡིག་ལ་ཡོངས་སུ་འགལ་བ་ཞིག་ཡིན་པ་བརྗོད་འདུག
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།