རྒྱ་གར་གྱི་མཐོ་སློབ་ཁང་ཞིག་གིས་སྲིད་སྐྱོང་མཆོག་ལ་གཟེངས་རྟཊ་ཕུལ་འདུག

2017-07-27
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རྒྱ་གར་གྱི་(Hansraj)་མཐོ་སློབ་ཁང་གིས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཕུལ་སྐབས། ༢༠༡༧།༧།༢༦
རྒྱ་གར་གྱི་(Hansraj)་མཐོ་སློབ་ཁང་གིས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཕུལ་སྐབས། ༢༠༡༧།༧།༢༦
RFA

ལྡི་ལིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཁྱབ་ཁོངས་(Hansraj)་མཐོ་སློབ་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་(Mahatma Hansraj Gaurav Samman)་ཞེས་པའི་ཆེ་བསྟོད་གཟེངས་རྟགས་དེ་ཕུལ་འདུག
སྲིད་སྐྱོང་མཆོག་ནི་ལྡི་ལིའི་ནང་གི་(Hansraj)་མཐོ་སློབ་ཁང་གི་སློབ་ཕྲུག་ཟུར་པ་ཞིག་ཡིན་པ་དང་། མཐོ་སློབ་ཁང་གིས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མཐོ་སློབ་དེ་ནས་ཐོན་གནང་བའི་སློབ་ཕྲུག་ཟུར་པ་གྲུབ་འབྲས་དང་བྱས་རྗེས་བཟང་ཤོས་ལ་ངོས་འཛིན་ཞུས་ཏེ། ཆེ་བསྟོད་ཕྱག་འཁྱེར་ཐོག་མཐོ་སློབ་ཁང་གི་ངོས་ནས་བོད་པའི་ཆབ་སྲིད་ཀྱི་དབུ་ཁྲིད་མཐོ་ཤོས་ཆགས་བའི་སློབ་ཟུར་ལ་ཆེ་བསྟོད་ཞུ་རྒྱུ་དང་། མ་འོངས་པར་ཡར་རྒྱས་གོང་འཕེལ་དང་བརྩི་མཐོང་ཇེ་ཆེ་ཡོང་བའི་་སྨོན་ཚིག་བཀོད་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས། ཆེ་བསྟོད་གཟེངས་རྟགས་དེ་བཞེས་སྐབས་ཚོགས་ཁང་ནང་འདུས་པའི་གལ་ཆེའི་མི་སྣ་དང་དགེ་ལས་སློབ་ཕྲུག་ཚོར། (Hansraj)་མཐོ་སློབ་ཁང་ནས་གཏོང་ཕོད་ཆེན་པོས་གཟེངས་རྟགས་དེ་ཁོང་ལ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས་མཐོ་སློབ་ཁང་འདིས་ཁོང་ལ་བོད་ཀྱི་རྩ་དོན་ཆེད་ཕྱག་ལས་གནང་ཐུབ་པའི་བློ་བསྐྱེད་དང་རང་དབང་གནང་ཡོད་པ་གསུངས་པ་དང་ཆབས་ཅིག་དེ་སྔོན་ཁོང་མཐོ་སློབ་འགྲིམ་གནང་བའི་སྐབས་སློབ་ཕྲུག་ཡག་ཤོས་མིན་པ་དང་། སློབ་སྤྱིའི་ལས་ཁུངས་ནང་འཛིན་གྲྭ་ཚོགས་པའི་གྲངས་ཐོ་མ་ལོན་པར་སློབ་སྤྱིས་བཀའ་འགུག་གནང་བ་བྱུང་ཡོད་ནའང་། འཛིན་གྲྭར་བཅར་མ་ཐུབ་པ་དེ་ནི་མཐོ་སློབ་འགྲིམ་པའི་དུས་ཡུན་ནང་ཁོང་གིས་བོད་དོན་ཆེད་ངོ་རྒོལ་དང་ལས་འགུལ་མང་པོའི་ནང་མཉམ་ཞུགས་གནང་བའི་རྐྱེན་གྱིས་ཡིན་སྐོར་གསུངས་འདུག
དེ་བཞིན་སྲིད་སྐྱོང་མཆོག་གིས། རྒྱ་ཆེ་ས་ནས་གཟིགས་པ་ཡིན་ན་ཁོང་ལ་གནང་བའི་གཟེངས་རྟགས་དེ་བརྒྱུད། རླབས་ཆེན་རྒྱལ་ཁབ་རྒྱ་གར་གྱི་གཏོང་ཕོད་ཆེ་བའི་བྱ་སྤྱོད་མཚོན་ཐུབ་རྒྱུ་ཡིན་པ་གསུངས་ཏེ་རྒྱ་གར་གཞུང་དམངས་གཉིས་ནས་བོད་མི་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀྲིན་བསྐྱངས་གནང་བ་དེ་ཚོ་འགྲན་ཟླ་བྲལ་བ་ཞིག་ཡིན་པའི་བསྔགས་བརྗོད་རྒྱ་ཆེ་གནང་བ་དང་ཆབས་ཅིག། བོད་པའི་ལས་འགུལ་དེ་ནི་རྒྱ་གར་རང་གི་ནང་སྐྱེད་སྲིང་བྱས་པའི་ལས་འགུལ་ཞིག་ཡིན་པ་དང་། བོད་པའི་དམངས་གཙོའི་ལམ་ལུགས་དེའང་རྒྱ་གར་གྱི་དམངས་གཙོའི་ལམ་ལུགས་ལ་དཔེ་བླངས་པ་ཞིག་ཡིན་པའི་ཁར་ད་ལྟའི་བོད་མིའི་སྒྲིག་འཛུགས་ནང་ལས་གནས་འདྲ་མིན་ཐོག་ཡོད་པའི་གཞུང་ཞབས་པ་ཕལ་ཆེ་བ་རྒྱ་གར་ནང་སྐྱེས་ནས་འཚར་ལོངས་དང་སློབ་གྲྭ་ཐོན་པ་ཤ་སྟག་ཡིན་པ་གསུངས་འདུག
(Hansraj)་མཐོ་སློབ་ཀྱི་སློབ་དཔོན་ལས་རོགས་(Dr. Priti Dharmara)་མཆོག་ནས་མཐོ་སློབ་ཁང་དེ་གསར་འཛུགས་གནང་ནས་ལོ་ངོ་༧༠་འཁོར་བའི་དུས་སྟོན་ཉིན་མོར་མཐོ་སློབ་ཁང་དེ་ནས་ཐོན་པའི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཆེ་བསྟོད་གཟེངས་རྟགས་དེ་ཕུལ་ཐུབ་པར་དགའ་སྤོབས་ཆེན་པོ་བྱུང་ཅེས་གསུངས་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།