བློ་བཟང་སེང་གེ་མཆོག་སྲིད་སྐྱོང་ལ་ཡང་བསྐྱར་བདམས་ཐོན་བྱུང་བ།


2016.04.27
དབུས་འོས་བསྡུ་ལས་ཁང་གིས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་སྐབས། ༢༠༡༦།༤།༢༧ དབུས་འོས་བསྡུ་ལས་ཁང་གིས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་སྐབས། ༢༠༡༦།༤།༢༧
བསྟན་འཛིན་དོན་ཡོད། /RFA

འདི་ཚེས་༢༧་ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་༢༠༡༦་ལོའི་འོས་བསྡུ་ཆེན་མོའི་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་དང་། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ལ་འོས་གྲངས་ ༢༤༨༦༤་དང་། སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་ལ་འོས་གྲངས་༣༣༨༧༦ཐོབ་གནང་སྟེ་བློ་བཟང་སེང་གེ་ལགས་བསྐྱར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་བདམས་ཐོན་བྱུང་ཡོད་པ་དང་། དེ་བཞིན་ཆོལ་ཁ་རེ་ནས་སྤྱི་འཐུས་༡༠་རེ་དང་། ཆོས་བརྒྱུད་རེ་ནས་སྤྱི་འཐུས་གཉིས་རེ། ཡོ་རོབ་དང་ཨ་ཧྥེ་རི་ཁ་ཁུལ་ནས་སྤྱི་འཐུས་གཉིས། ལྷོ་བྱང་ཨ་རི་ཁུལ་ནས་སྤྱི་འཐུས་༢ རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤ་ཡ་དང་ཨོ་སི་ཊོ་ལི་ཡའི་ཁུལ་ནས་སྤྱི་འཐུས་གཅིག་བཅས་ཁྱོན་སྤྱི་འཐུས་༤༥་བདམས་ཐོན་བྱུང་བ་གསལ་བསྒྲགས་གནང་འདུག།
དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས། གྲུབ་འབྲས་གསལ་བསྒྲགས་གནང་བའི་སྐབས་ད་ལོ་འོས་འཕེན་མཁན་དེ་སྔོན་ལས་མང་དུ་ཕྱིན་ཡོད་སྐོར་གསུངས་ཏེ། ཐེངས་འདིའི་སྲིད་སྤྱི་འོས་བསྡུ་ཆེན་མོའི་ཁྲོད་འོས་མི་དང་དེའི་རྒྱབ་སྐྱོར་ཚོས་དྲིལ་བསྒྲགས་བྱེད་སྟངས་དང་། ལྷག་པར་དུ་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཆ་ཤས་ལེན་མཁན་སྔར་ལས་མང་བ་བྱུང་ཡོད་པ་དེ་ལེགས་པའི་ཕྱོགས་ལ་ངོས་འཛིན་གནང་འདུག་པ་དང་། འོས་བསྡུའི་ལས་རིམ་ཁྲོད་ལྟ་ཕྱོགས་ལངས་ཕྱོགས་འཁྱེར་སྟངས་དང་བཅའ་ཁྲིམས།
འོས་བསྡུའི་སྒྲིག་གཞིའི་ནང་དོན་ཇི་བཞིན་མ་རྟོགས་པ་དང་། རང་གི་འདོད་བློ་ཁེངས་མིན་སོགས་ཀྱིས་ཞུ་གཏུག་སྙན་ཞུ་འབུལ་མཁན་མང་པོ་བྱུང་ཡོད་ཀྱང་། འོས་སྒྲིག་དང་དངོས་སུ་འགལ་བའི་བདེན་དཔང་དངོས་ར་འཕྲོད་པའི་ཞུ་གཏུག་བྱེད་མཁན་མ་བྱུང་བར་བརྟེན་དབུས་ས་གཉིས་ནས་ཁྲིམས་འགལ་ཉེས་ཆད་གཅོད་དགོས་པ་དེ་འདྲ་བྱུང་མེད་པ་དེ་བས་ཀྱང་ལེགས་པའི་ཕྱོགས་ལ་ངོས་འཛིན་གནང་འདུག།   
དེ་བཞིན་འོས་བསྡུ་འགན་འཛིན་མཆོག་གིས། རང་འགུལ་གྱིས་དང་བླངས་འོས་མིར་ལངས་མཁན་དང་། ཕྱོགས་གཏོགས་བ་མི་ཉུང་བ་ཞིག་གིས་དྲིལ་བསྒྲགས་བྱེད་སྟངས་དང་ཆ་ཤས་ལེན་སྟངས། ལྷག་པར་སྤྱི་ཚོགས་དྲ་ལམ་ཁག་ཏུ་འགན་མེད་འཆལ་གཏམ་སྣ་ཚོགས་སྤེལ་སྟངས། ད་དུང་འོས་བསྡུ་ལས་ཁང་ལ་ཁ་གཏད་ནས་དྲང་བདེན་དང་གཞི་འཛིན་མེད་པའི་གསར་འགོད་གསལ་བསྒྲགས་སྤེལ་བ་སོགས་ལ་གཟིགས་དུས་བོད་མིའི་རྩ་དོན་སྒྲུབ་ཐབས་ལ་ཕན་པ། ལྷག་དོན་བོད་མིའི་བཟང་སྤྱོད་དང་ལྡན་པའི་སྒོ་ནས་ཆ་ཤས་ལེན་ཐུབ་མ་སོང་སྙམ་པའི་སེམས་འཚབ་དང་བློ་ཕམ་ཆེན་པོ་ཡོད་སྐོར་གསུངས་འདུག་ཅིང་། ལྷག་པར་དུ་ད་ལན་གྱི་ཉམས་མྱོང་གཞི་རྩར་བཟུང་ནས་འོས་སྒྲིག་བསྐྱར་བཅོས་ཀྱི་ཐད་གོ་བསྡུར་ཞིབ་ནན་གྱིས་བསྐྱར་བཅོས་འཆར་འབུལ་ཞུ་འཆར་ཡོད་སྐོར་འགྲེལ་བརྗོད་གནང་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎