བོད་ས་ཤོར་ཀྱང་ཉིན་གཅིག་རང་དབང་ཏན་ཏན་རག་གི་རེད་ཅེས་གསུངས་འདུག

2017-11-13
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
སྲིད་སྐྱོང་མཆོག་ནོར་ཝེ་རུ། ༢༠༡༧།༡༡།༡༢
སྲིད་སྐྱོང་མཆོག་ནོར་ཝེ་རུ། ༢༠༡༧།༡༡།༡༢
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ས་ཤོར་ཀྱང་ཉིན་གཅིག་རང་དབང་ཏན་ཏན་རག་གི་རེད་ཅེས་ནོར་ཝེ་ནས་གསུངས་འདུག
དེ་ཡང་ཕྱི་ཟླ་ ༡༡ ་ཚེས་ ༡༢ ་ཉིན་སྲིད་སྐྱོང་མཆོག་ནོར་ཝེ་རྒྱལ་ས་ཨོ་སི་ལོར་ཕེབས་འབྱོར་བྱུང་ཡོད་པ་དང་། ཐོག་མར་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་། དེ་བཞིན་ས་གནས་བོད་རིགས་ཚོགས་པའི་ཚོགས་མི་རྣམས་དང་ཐུག་འཕྲད་གནང་འདུག་ལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ལྷག་བསམ་རྣམ་དག་ཐོག་ནས་ད་བར་བོད་དོན་རྒྱབ་སྐྱོར་གནང་བར་ཡི་རངས་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུའི་འཚམས་འདྲི་གནང་འདུག
དེ་ཉིན་སྲིད་སྐྱོང་མཆོག་གིས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བོད་དོན་སྐོར་གསུང་བཤད་གནང་བའི་ནང་། ནོར་ཝེ་ནང་བོད་དོན་ལས་འགུལ་སྤེལ་མཁན་ཚོས་བོད་དོན་ཐོག་ད་བར་ལས་འགུལ་སྤེལ་བ་དེ་དག་བོད་ཀྱི་རྩ་དོན་མུ་མཐུད་དུ་གནས་རྒྱུར་འབྲེལ་བའི་ཟམ་པ་ལྟ་བུ་ཞིག་ལ་ངོས་འཛིན་ནས་མུ་མཐུད་ལས་འགུལ་སྤེལ་དགོས་བའི་འབོད་སྐུལ་དང་འབྲེལ་བོད་ས་ཤོར་ཀྱང་ཉིན་གཅིག་རང་དབང་ཏན་གཏན་རག་གི་རེད་ཅེས་གསུངས་འདུག
ཡང་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་བརྒྱུད་ནང་བསྟན་ཉམས་ཉེས་སུ་གཏོང་ཐབས་ཆེད་ཐབས་ཤེས་ཡོད་དགུ་བྱས་ཀྱང་ལམ་ལྷོངས་བྱུང་མེད་པ་དང་། ལྷག་པར་གསེར་རྟ་བླ་རུང་སྒར་དང་། ཡ་ཆེན་སྒར་གཉིས་ཀྱི་གྲྭ་ཤག་གཏོར་བཤིག་བཏང་བ་སོགས་སངས་རྒྱས་ཀྱི་བསྟན་པར་ཧ་ཅང་སྡང་ཟུག་ཆེན་པོ་བྱས་ཀྱང་རྒྱ་གར་ནང་བོད་མི་གཙོ་བོར་གྱུར་བའི་ཧི་མ་ལ་ཡ་མི་རིགས་ཀྱི་དགེ་བཙུན་ཞལ་གྲངས་༣༠ ༠༠༠ ་ཙམ་གྱིས་བཤད་སྒྲུབ་ཟུང་འབྲེལ་ཐོག་ནས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་གྱི་མེ་རོ་སླར་གསོ་གནང་བཞིན་ཡོད་སྐོར་དང་། ཡང་རྒྱ་ནག་གཞུང་གིས་བོད་ཀྱི་གཏེར་ཁ་གང་བྱུང་སྔོག་འདོན་བྱས་པ་སོགས་ལ་བརྟེན་ནས་བོད་ཀྱི་འཁྱག་རོམ་རྣམས་མྱུར་ཚད་མཐོ་པོའི་སྒོ་ནས་བཞུར་བཞིན་པ་དང་། འཁྱག་རོམ་དེ་དག་བོད་ཀྱི་གཙང་པོ་ཆེ་ཁག་རྒྱུག་ཡུལ་གྱི་གཤམ་འོག་རྒྱལ་ཁབ་ནང་མི་འབོར་ཐེར་འབུམ་ཙམ་གྱི་འཚོ་རྟེན་ལྟ་བུ་ཆགས་ཡོད་སྟབས། བོད་ནང་རྒྱ་རིགས་མི་འབོར་འཕོན་ཆེ་སྤོ་བཞུད་བྱེད་བཞིན་པ་དང་། གྲོང་གསེབ་ཁག་མང་པོ་ཞིག་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུ་ཟེར་བའི་ལས་གཞི་རྒྱ་ཆེ་སྤེལ་བཞིན་པ་དེ་དག་གིས་འཁྱག་རོམ་སྟོང་ཕྲག་བརྒལ་བ་དེ་དག་མྱུར་པོར་བཞུར་ནས་གཤམ་འོག་རྒྱལ་ཁབ་ཁག་ལ་ཆུའི་དཀའ་ངལ་བཟོ་ངེས་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།