བཀའ་སྤྱི་གཉིས་ནས་རྒྱ་གར་གཞུང་དང་མཉམ་མྱ་ངན་ཞུས་གནང་བ།


2015.07.28
༧གོང་ས་མཆོག་དང་རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨཔ་རྡུལ་ཀ་ལམ་མཆོག་ལྡི་ལིར་མཇལ་སྐབས། ༢༠༡༢།༩།༡༡ ༧གོང་ས་མཆོག་དང་རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨཔ་རྡུལ་ཀ་ལམ་མཆོག་ལྡི་ལིར་མཇལ་སྐབས། ༢༠༡༢།༩།༡༡
Tenzin Choejor/OHHDL

ཨཔ་རྡུལ་ཀ་ལམ་མཆོག་དགོངས་པ་རྫོགས་པ་ནི་རྒྱ་གར་ཙམ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་གྱོང་གུད་ཆེན་པོ་ཞིག་ཡིན།
དེ་ཡང་རྒྱ་གར་གྱི་སྲིད་འཛིན་ཟུར་བ་སྐུ་ཞབས་Abdul Kalamམཆོག་ཕྱི་ཟླ་བདུན་པའི་ཚེས་༢༧ཉིན་རྒྱ་གར་བྱང་ཤར་ཤི་ལོང་མངའ་སྡེའི་གྲོང་ཁྱེར་མེ་གྷ་ལ་ཡའི་ཤེས་ཡོན་བསྟི་གནས་ཁང་དུ། སློབ་མ་རྣམས་ལ་གསུང་བཤད་གནང་སྐབས་གློ་བུར་ཏུ་དྲན་མེད་འགྱེལ་ཏེ་དགུང་གྲངས་༨༣ ཐོག་དགོངས་པ་རྫོགས་པ་དེར་སྲིད་སྐྱོང་མཆོག་དང་། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ནས་མྱ་ངན་དང་། ཁོང་གི་མཛད་རྗེས་ལ་དྲན་གསོ་ཞུས་ཡོད་པ་དང་། བོད་མི་དམངས་སྤྱི་འཐུས་དང་སྲིད་སྐྱོང་གི་མྱ་ངན་གྱི་གསུང་འཕྲིན་ནང་། སྐུ་ཞབས་Abdul Kalamམཆོག་ནི་རྒྱ་གར་གྱི་ཁྱད་དུ་འཕགས་པའི་ཚན་རིག་པ་ཞིག་དང་། ཁོང་གི་སྐུ་ཚེའི་ནང་རྒྱ་གར་གྱི་ཚན་རིག་གི་ལག་རྩལ་ཁ་ཕྱོགས་དང་རིམ་པ་གསར་པ་ཞིག་གི་ཐོག་ལ་གོང་འཕེལ་བཏང་བའི་མཛད་རྗེས་བཞག་གནང་ཡོད་ཅིང་། ལྷག་པར་དུ་ཁོང་ནི་ཕུལ་བྱུང་གི་རྣམ་དཔྱོད་རྩལ་ལྡན་པ་ཞིག་དང་། ཐུགས་གཤིས་ཉམས་ཆུང་ལྡན་པའི་སྐྱེ་བོ་ཞིག་ཡིན་པ་དང། ཁོང་དགོངས་པ་མ་རྫོགས་པའི་བར་གྱི་སྐུ་ཚེའི་རིང་དེར་རྒྱ་གར་རྒྱལ་ཁབ་ཀྱི་ཆེད་དུ་ལེགས་སྐྱེས་ཕུལ་ཡོད་ལ། ཁོང་གི་ཕྱག་ལས་དང་རྣམ་དཔྱོད་ཀྱི་རྩལ་ལ་མི་དམངས་ས་ཡ་མང་པོ་སེམས་འགུལ་ཐེབས་པ་བཟོས་གནང་ཡོད་པ་མ་ཟད། དངོས་ཡོད་ཀྱིས་མི་དམངས་ས་ཡ་མང་པོའི་མིག་དཔེ་ལྟ་ཡུལ་གྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད་པ་དང་། དེའི་ནང་ནས་དམིགས་བསལ་སློབ་ཕྲུག་ཚོར་རྒྱུན་དུ་ནས་ཕུགས་བསམ་དང་མདུན་ལམ་ཐོག་ལ་མིག་དཔེ་ལྟ་ཡུལ་ཞིག་ཡིན་པའི་སྐོར་བཀོད་ཡོད་པ་རེད།
ད་དུང་ཁོང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་ཏེ། ཐེངས་འགའ་ཤས་ལ་ནང་ཆོས་དང་ཚན་རིག་གི་སྐོར་ལ་བགྲོ་གླེང་གནང་ཡོད་པ་དང་། ཁོང་ནི་ནང་དོན་རིག་པའི་ཐོག་ལ་ཐུགས་སྣང་ཡོད་མཁན་ཞིག་ཡིན་པའི་སྐོར་དང་། ཁོང་ནི་རྒྱ་གར་ལྷོ་ཕྱོགས་ཊ་མིལ་ན་དྲུའི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་འཁྲུངས་ཤིང་། ཁོང་གི་ཤེས་ཡོན་ཀྱི་ནུས་པ་ཁོ་ནའི་ཐོག་ནས་རྒྱ་གར་གྱི་སྲིད་འཛིན་གནང་བ་ཞིག་དང་། ལྷག་དོན་མེ་ཤུགས་འཕུར་མདེལ་མང་པོ་ཞིག་བཟོ་སྐྲུན་གནང་སྟེ་རྒྱ་གར་གྱི་ཚན་རིག་ལག་སྩལ་ཡར་རྒྱས་ཐོག་ལ་རླབས་ཆེན་གྱི་མཛད་རྗེས་བཞག་གནང་ཡོད་པ་བརྟེན་ནས་ཁོང་ལ་རྒྱ་གར་གྱི་མེ་ཤུགས་འཕུར་མདེལ་ཞེས་ཆེ་བསྟོད་ཞུ་བ་དང་། དེ་བཞིན་རྒྱ་གར་གྱི་སྲིད་འཛིན་གནང་བའི་སྐབས་ལ་ཁེངས་དྲེག་ཕྲ་མོ་ཙམ་ཡང་མེད་པའི་ཐུགས་གཤིས་བཟང་པོ་གནང་བ་དེར་མང་ཚོགས་ནས་མི་མང་གི་སྲིད་འཛིན་ཞེས་ཆེ་བསྟོད་ཞུས་ཡོད་པའི་སྐོར་དང་།
ད་རེས་ཁོང་དགོངས་པ་རྫོགས་པ་དེ་ནི་རྒྱ་གར་ཙམ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་གྱོང་གུད་ཆེན་པོ་ཞིག་ཡིན་པ་དང་། རྒྱ་གར་རྒྱལ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་མ་ཟད་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད།

གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎