༸རྒྱལ་བ་སྨན་རི་བའི་ཁྲི་འཛིན ༣༤ པ་རྟགས་སྒྲིལ་རིང་མིན་གནང་རྒྱུ།


2017.12.22
བོན་གྱི་དབུ་ཁྲིད་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་དགོངས་པ་གཤེགས་པར་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཆོད་འབུལ་དང་མྱ་ངན་སྐབས། ༢༠༡༧།༩།༡༥ བོན་གྱི་དབུ་ཁྲིད་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་དགོངས་པ་གཤེགས་པར་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཆོད་འབུལ་དང་མྱ་ངན་སྐབས། ༢༠༡༧།༩།༡༥
Photo: RFA

༄༅།    །ཞྭ་དཀར་བསྟན་པའི་གཙུག་རྒྱན་༸རྒྱལ་བ་སྨན་རི་བའི་ཁྲི་འཛིན ༣༤ པའི་རྟགས་སྒྲིལ་ཆེད། བྱེས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཡོངས་ཀྱི་མཚན་གཞུང་ཟན་བསྒྲིལ་ཞུས་ཏེ་ཚེས ༢༢ ཉིན་ནས་སྒྲུབ་པ་དངོས་སུ་དབུ་འཛུགས་གནང་འདུག
གཡུང་དྲུང་བོན་གྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ཧི་མ་ཅལ་དུ་ཡོད་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་དགོན་དུ། ཞྭ་དཀར་བསྟན་པའི་གཙུག་རྒྱན་༸རྒྱལ་བ་སྨན་རི་བའི་ཁྲི་འཛིན༣༤ པའི་རྟགས་སྒྲིལ་ཆེད། ཟླ་འདིའི་ཚེས ༡༩ ཉིན་བོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་རྣམས་ཀྱི་མཚན་གཞུང་ཆད་ལུས་མེད་པར་ཟན་བསྒྲིལ་ཞུས་ཟིན་ཡོད་པ་ལྟར། ཚེས ༢༡ ཉིན་བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་དགོན་གཉིས་ནས་རྒྱུན་བཞིའི་གེགས་སེལ་གྱི་བོན་སྤྱོད་གནང་ཡོད་པ་དང་། ཚེས ༢༢ ཉིན་ཡི་དམ་ལྷ་དང་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་ཚོགས་མཆོད་རྒྱས་འབུལ་བཅས་རྟགས་སྒྲིལ་གྱི་སྒྲུབ་པ་དངོས་སུ་དབུ་འཛུགས་གནང་བཞག
གདན་ས་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས་རྟགས་སྒྲིལ་གྱི་ཟླ་ཚེས་གསལ་བསྒྲགས་གནང་བ་ལྟར་ན། ཟླ་འདིའི་ཚེས ༢༧ ཉིན་གྱི་སྔ་དྲོ་དངོས་གཞིའི་རྟགས་སྒྲིལ་དང་པོ་བསྒྲིལ་གནང་རྒྱུ་དང་། དེ་ནས་འཆར་ལོ་༢༠༡༨ལོའི་ཕྱི་ཟླ ༡ ཚེས ༡ ཉིན་ཏེ་སྤྱི་ལོ་གསར་ཚེས་ཀྱི་ཉིན་མོར། དངོས་གཞིའི་རྟགས་སྒྲིལ་མཐའ་མ་བསྒྲིལ་གནང་རྒྱུ་ཡིན་པ་རེད། རྟགས་སྒྲིལ་གྱི་དངོས་གཞིར་ཞུགས་པའི་དགེ་བའི་བཤེས་གཉེན་ཆེན་མོ་ཡོངས་ནས་རྟགས་སྒྲིལ་གྱི་སྒྲུབ་པའི་མཇུག་མ་གྲུབ་བར་དུ། རང་ཉིད་རྟགས་སྒྲིལ་དུ་བབས་པའི་ཕྱིར་ལྷ་སྲུང་ལ་འཕྲིན་བཅོལ་དང་ལས་རླུང་དར་ཕྱིར་གྱི་བྱེད་སྒོ་གང་ཡང་སྤེལ་དུ་མི་རུང་བའི་སྲོལ་ཡོད་པས་དེ་ལུགས་དགོངས་པར་མངའ་བའི་འབོད་སྐུལ་ཞུས་འདུག
ཡང་བོན་འབངས་ཡོངས་ལ་གལ་ཆེའི་གསལ་བསྒྲགས་གནང་བའི་ནང་། རྟགས་སྒྲིལ་གྱི་བྱེད་སྒོའི་སྦྱོར་དངོས་རྗེས་གསུམ་ཀུན་ཏུ་ཕྱི་ནང་གི་འགལ་རྐྱེན་མི་འབྱུང་ཞིང་། གཤེན་བསྟན་འཛིན་སྐྱོང་སྤེལ་གསུམ་ལ་ཐབས་མཁས་ཐུགས་རྗེ་ཅན་དང། བསྟན་འགྲོའི་མཛད་པ་རླབས་ཆེན་བསྒྲུབ་པར་ནུས་པའི་དགེ་བའི་བཤེས་གཉེན་ཆེན་མོ་ཞིག་རྟགས་སྒྲིལ་དུ་འབབ་ཕྱིར། གདན་ས་སྨན་རིའི་གླིང་དང་དཔལ་ལྡན་སྨན་རིའི་བླ་བྲང་། གྲྭ་ཚང་འདུས་མང་ཡོངས་ནས་ཚོགས་མཆོད་རྒྱས་པ་སྒྲུབ་བཞིན་ཡོད་པ་དེ་ལུགས་སུ་རྒྱལ་ཁབ་ཕྱི་ནང་གང་སར་ཡོད་པའི་དགོན་སྡེ་དང་ཚོགས་པ་ཁག་གཙོས་པའི་བོན་འབངས་ཡོངས་ནས་ཐུགས་སྨོན་གསོལ་འདེབས་རྒྱ་མི་ཆུང་བ་གནང་བའི་རེ་བསྐུལ་ཡང་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎