བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་ཟས་བཅད་ལས་འགུལ་སྤེལ་བ།
2016.02.10
དམ་བཅའ་གཅིག་དང་དགོས་འདུན་གསུམ་གྱི་འོག་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་བོད་ཀྱི་ལོ་གསར་སྤྲོ་སྐྱིད་རོལ་རྒྱུ་མིན།
གཞིས་བྱེས་བོད་མི་རྣམས་མཉམ་འཛོམས་མ་བྱུང་གི་བར་དུ་བོད་ཀྱི་ལོ་གསར་གཏོང་རྒྱུ་མིན་དེ་ཡང་བོད་ཀྱི་ཆབ་སྲིད་བཙོན་ཟུར་མི་ཉག་བརྩོན་འགྲུས་འོད་ཟེར་ལགས་ཀྱིས། གཞིས་བྱེས་བོད་མི་རྣམས་མཉམ་འཛོམས་མ་བྱུང་གི་བར་དུ་བོད་ཀྱི་ལོ་གསར་གཏོང་རྒྱུ་མིན་པའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཐེངས་གསུམ་པ་དེ། ད་ལོའི་ལོ་གསར་ཚེས་༡་སྟེ་འདི་ཟླའི་ཚེས་༩་ཉིན་ཨོ་སུ་ཁྲི་ལི་ཡའི་གྲོང་ཁྱེར་Sydneyནང་སྤེལ་གནང་འདུག
ད་ལོ་མི་ཉག་བརྩོན་འགྲུས་འོད་ཟེར་ལགས་ཀྱི་ལྷན་དུ་འབྱོར་ལྡན་ལགས་དང་། ཐུབ་བསྟན་རྡོ་རྗེ་ལགས་རྣམ་གཉིས་བོད་དོན་ལས་འགུལ་ནང་མཉམ་བཞུགས་གནང་འདུག ཁོང་རྣམས་ཀྱིས་བོད་ཀྱི་བསྟན་པ་ཆབ་སྲིད་དང་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་རྣམས་པའི་འདྲ་པར་བཀྲམས་ནས་ལས་འགུལ་དེ་སྤེལ་འདུག ཁོང་རྣམས་ཀྱིས་ལས་འགུལ་དང་མཉམ་དམ་བཅའ་གཅིག་དང་། རྒྱ་ནག་གཞུང་ལ་འཕྲལ་སེལ་དགོས་འདུན་དོན་ཚན་གསུམ་བཏོན་ཡོད་ཅིང་། དམ་བཅའ་གཅིག་པོ་དེ་ནི་རྒྱ་ནག་གི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་ཚབས་ཆེ་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་དང་། ལྷག་དོན་དུ་བོད་མི་རིགས་དང་བོད་རྒྱལ་ཁབ་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་གཙོས་པའི་བློས་གཏོང་ཆེན་པོ་གནང་མཁན་ཀྱི་ནང་མི་དང་གཉེན་ཉེ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར། གཞིས་བྱེས་བོད་མི་མཉམ་འཛོམས་མ་བྱུང་བར་དུ་ལོ་གསར་གཏོང་རྒྱུ་མིན་པ་དེ་རེད་འདུག
ཡང་རྒྱ་ནག་གཞུང་ལ་དགོས་འདུན་དོན་ཚན་གསུམ་བཏོན་པ་དེ་དག་ནི། རྒྱ་གཞུང་གིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཆིབས་བསྒྱུར་བསྐྱངས་རྒྱུའི་ཆོག་མཆན་ཕུལ་དགོས་པ་དང་། ༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་དགོས་པ། བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཆེད་རང་དབང་ལྡན་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། གསར་འགོད་པ་སོགས་བོད་ནང་གཏོང་དགོས་པ་བཅས་རེད་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།