ཐེ་ལྦན་གྲོས་ཚོགས་ནང་བོད་དོན་གླེང་སློང།

ཐེ་ལྦན་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བོད་དོན་སྐོར་གླེང་སློང་གནང་འདུག།

2012.03.14

༄༅༎ཐེ་ལྦན་གྱི་སྐབས་༨་པའི་གྲོས་ཚོགས་ཚོགས་དུས་དང་པོ་དེ་བཞིན་ཟླ་བ་འདི་ནས་འགོ་འཛུགས་ཀྱིས་སྤྱི་ཟླ་༥པའི་ཟླ་མཇུག་བར་ཚོགས་རྒྱུ་ཡིན་པ་ལྟར། ཟླ་བ་འདིའི་ཚེས་ ༨ ཉིན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཏོན་ཁང་དབྱི་དང་
སྐུ་ཞབས་གྲན་ཇི་མའེ་རྣམ་གཉིས་ཀྱིས་གསུམ་བཅུའི་དུས་དྲན་སྐོར་གླེང་སློང་གནང་འདུག་ལ། ཕྱིས་ཚེས་ ༩ ཉིན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་གྲན་ཇའེ་རུའུ་ཡིས་བོད་མི་ས་ཡ་དྲུག་རྒྱ་ནག་གི་སྡུག་རྩུབ་སྲིད་བྱུས་འོག་སྨྲ་བརྗོད་རང་དབང་དང་
ཆོས་དད་རང་དབང་བྲལ་ཞིང་། རང་གི་སྐད་ཡིག་དང་འཁོར་ཡུག་སྲུང་སྐྱོབ་ཀྱི་ཐོབ་ཐང་མེད་པ་མ་ཟད། རང་ཉིད་ཀྱི་ས་ཐོག་མི་སེར་གཉིས་པ་ཆགས་ཡོད། ༢༠༠༨ སྤྱི་ཟླ་ ༣ ནས་བཟུང་བོད་ས་ཁྱོན་ཡོངས་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས་པར། རྒྱ་དམག་གིས་དྲག་པོའི་
དམ་བསྒྲགས་ཤུགས་ཆེ་བྱས་ཐོག་བོད་མི་འབོར་ཆེན་འཇུ་བཟུང་དང་བཀག་ཉར་སོགས་བྱས་ཏེ་སྡུག་སྦྱོང་ཚད་མེད་བཏང་ཡོད། བོད་མི་ཚོས་རང་ལུས་མེར་སྲེག་ལ་བརྟེན་ནས་རང་དབང་རྩོད་ལེན་གནང་ཡོད་པས། ཐེ་ལྦན་གྲོས་ཚོགས་ནས་གྲོས་ཆོད་བཞག་ཏེ་རྒྱ་ནག་གཞུང་ལ་བོད་ཀྱི་དགོན་སྡེ་ཁག་ནས་དམག་དཔུང་ཕྱིར་འཐེན་དགོས་པའི་འབོད་སྐུལ་དང་། བོད་མིའི་སྐད་ཡིག་དང་། ཆོས་ལུགས། སྨྲ་བརྗོད་རང་དབང་རྩོད་ལེན་ལ་གྲོས་ཚོགས་ནས་རྒྱབ་སྐྱོར་དགོས་སྐོར་སོགས་གསུངས་བཞག། གཞན་ཡང་དེ་ཉིན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྦུ་དབྱི་ཀྲེན་ཡིས་གསུངས་དོན། ལོ་ངོ་ ༥༣ གོང་རྒྱ་ནག་གིས་བོད་སར་བཙན་འཛུལ་བྱས་པ་ནི་བསུབ་ཐབས་མེད་པའི་ལོ་རྒྱུས་ཤིག་ཆགས་ཡོད། ༢༠༠༩ ལོར་བཀྲ་སྦེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་ད་བར་མི་གྲངས་ ༢༧ བྱུང་ཡོད། རྒྱ་དམག་གི་དྲག་ཤུགས་ཀྱིས་བོད་མི་འཇུ་བཟུང་བཙན་འཁྲིད་སྡུག་སྦྱོང་སོགས་བཏང་བ་ཤམ་སྦ་ལ་འབོད་པའི་མི་ཡུལ་འདི་བཞིན་དམྱལ་བའི་ཡུལ་ལ་གྱུར་ཡོད་པས། ཡོ་རོབ་གྲོས་ཚོགས་དང་། དབྱིན་ལན་གྲོས་ཚོགས། ཨི་ཊཱ་ལི་གྲོས་ཚོགས། ཨ་རིའི་གྲོས་ཚོགས་གོང་འོག་སོགས་ནས་གནད་དོན་དེའི་ཐོག་གྲོས་ཆོད་བཞག་ཡོད་པས། རང་རེའི་གྲོས་ཚོགས་འདིའི་ཐོག་ནས་གྲོས་ཆོད་ཅིག་བཞག་ཏེ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་། རྒྱལ་སྤྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་སོགས་བོད་ནང་ཞིབ་འཇུག་ཆེད་གཏོང་དགོས་པའི་འབོད་སྐུལ་ཞུ་དགོས་ལ།
ཐེ་ལྦན་དང་རྒྱ་ནག་བར་འབྲེལ་མོལ་བྱེད་སྐབས་ཐེ་ལྦན་གཞུང་གིས་རྒྱ་ནག་གཞུང་ལ་བོད་མི་མང་གི་ཆོས་དད་རང་དབང་སྲུང་སྐྱོབ་བྱ་དགོས་པའི་སྐུལ་འདེད་བྱ་དགོས། བོད་ཀྱི་ཆོས་ལུགས་རང་དབང་ཆེད་ལུས་སྲོག་ཤོར་བ་རྣམས་ལ་མྱ་ངན་དང་གུས་འདུད་ཞུ་དགོས་སོགས་གསུངས་ཡོད། ཕྱི་ཚེས་ ༡༣ ཉིན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ཤའོ་མེའེ་ཆིང་གིས་ གྲོས་ཚོགས་ནང་དུ་བོད་མིའི་རང་དབང་དང་འགྲོ་བ་མིའི་མངོན་འདོད་མཚོན་པར་རྒྱ་ནག་གཞུང་གིས་དྲག་གནོན་ལ་སྐྱོན་བརྗོད་དང་ཆབས་ཅིག་དྲག་གནོན་འཕྲལ་དུ་མཚམས་འཇོག་དགོས་པ། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ནི་འཇིག་རྟེན་སྤྱི་ཡོངས་ཀྱི་དགོས་འདུན་ཡིན་པས། ཐེ་ལྦན་གྱིས་ཀྱང་དུས་ཡུན་རིང་པོའི་ནང་དེར་འབད་བརྩོན་བྱས་ཡོད་པས། ཐེ་ལྦན་དང་རྒྱ་ནག་སྐམ་ས་གཉིས་དབར་འབྲེལ་མོལ་བྱ་སྐབས་གནད་དོན་དེ་ཚོ་ངེས་པར་དུ་ཚུད་ཐབས་བྱ་དགོས་སྐོར་གསུངས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎