རྒྱ་ནག་མང་གཙོ་ཚོཊ་པས་བཀྲ་ཤིས་དབང་ཕྱུག་ལ་བྱ་དགའ་ཕུལ་འདུག

2017-03-15
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རྒྱ་ནག་མང་གཙོ་ཚོགས་པ་ཞིག་གིས་བཀྲ་ཤིས་དབང་ཕྱུག་ལགས་སུ་བྱ་དགའ་ཕུལ་བ། ༢༠༡༧།༣།༡༤
རྒྱ་ནག་མང་གཙོ་ཚོགས་པ་ཞིག་གིས་བཀྲ་ཤིས་དབང་ཕྱུག་ལགས་སུ་བྱ་དགའ་ཕུལ་བ། ༢༠༡༧།༣།༡༤
མཐུན་འགྱུར་པར་རིས།

རྒྱ་ནག་གིས་འཇུ་བཟུང་བྱས་བའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་སུ་ཚའོ་ཧྲུན་ལི་སྙིང་སྟོབས་ཀྱི་བྱ་དགའ་ཐོབ་འདུག
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་རྒྱ་ནག་དམངས་གཙོ་ཚོགས་པ་ཟེར་བའི་དམངས་གཙོ་དོན་གཉེར་གནང་མཁན་རྒྱ་རིགས་ཚོགས་པ་གསུམ་གྱིས་ལོ་ལྟར། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཞིག་ལ་ཚའོ་ཧྲུན་ལི་སྙིང་སྟོབས་ཀྱི་བྱ་དགའ་ཞེས་པ་ཞིག་གནང་མུས་ཡིན་པ་ལྟར། འདི་ལོ་༢༠༡༧ ལོའི་བྱ་དགའ་དེ་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ཞུ་འབོད་དང་། རྩོམ་ཡིག་སྤེལ་བའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་པའི་བོད་མི་བཀྲ་ཤིས་དབང་ཕྱུག་ལགས་ལ་འབུལ་རྒྱུའི་ཐག་ཆོད་གནང་ནས། བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོ་དེ་བཞིན་ཁ་ས་ཕྱི་ཟླ་༣ ཚེས་༡༤ ཉིན་ནིའུ་ཡོག་གྲོང་ཁྱེར་ནང་ཚོགས་ཡོད་འདུག
སྔོན་འཆར་ལྟར་ན་མཛད་སྒོའི་ཐོག་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས། བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཚབ་བྱས་ནས་བྱ་དགའ་ཞུ་བར་ཕེབས་མཁན་ཡིན་འདུག་ཀྱང་། འདས་པའི་ཉིན་གྲངས་འགའ་ཤས་རིང་ཨ་རིའི་ཤར་ཕྱོགས་སུ་ཨ་རི་ཤར་ཕྱོགས་ས་ཁུལ་དུ་གངས་ཤུགས་བབས་ཏེ། རླངས་འཁོར་གྱི་འགྲོ་ལམ་འགག་པ་དང་། མེ་འཁོར་སོགས་ཀྱི་འགྲིམ་འགྲུལ་ལས་གཞིར་དོ་ཕོག་ཤུགས་ཆེ་བྱུང་སྟབས་ཁོང་ཕེབས་མ་ཐུབ་པའི་གནས་ཚུལ་བྱུང་འདུག་ཀྱང་། ཀུན་དགའ་བཀྲིས་ལགས་ཀྱིས་རྒྱ་ནག་དམངས་གཙོ་ཚོགས་པས་བོད་དང་བོད་མིའི་གནད་དོན་ལ་ཐུགས་སྣང་གིས་བོད་མི་བཀྲ་ཤིས་དབང་ཕྱུག་ལ་བྱ་དགའ་གནང་བར་ཐུགས་རྗེ་ཆེ་ཞུ་བའི་ཕྱག་བྲིས་ཞིག་བྱ་དགའ་གནང་མཁན་གྱི་ཚོགས་ཆུང་ལ་བཏང་གནང་འདུག
ཚའོ་ཧྲུན་ལི་སྙིང་སྟོབས་ཀྱི་བྱ་དགའ་ཞེས་པ་དེ་ནི་ཨ་རིའི་ནང་རྟེན་གཞི་བྱེད་པའི་རྒྱ་ནག་གི་སྤྱི་དམངས་ཐོབ་ཐང་དང་འཚོ་ཐབས་ལ་བལྟ་རྟོགས་གནང་མཁན་ཚོགས་པ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་བཅས་ཀྱིས་ཕྱི་ལོ་༢༠༡༤་ལོར་འདས་གྲོངས་སུ་གྱུར་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚའོ་ཧྲུན་ལི་ལ་ཆེ་བསྟོད་ཞུ་ཆེད་འགོ་བཙུགས་བྱས་པ་ཞིག་ཡིན་འདུག  ཕྱི་ཟླ་གསུམ་པའི་ཚེས་ ༡༤ ཉིན་མོ་འདི་ནི་ཚའོ་ ཧྲུན་ལི་འདས་གྲོངས་སུ་གྱུར་པའི་དྲན་གསོའི་ཉིན་མོ་ཡང་ཡིན་འདུག
ཚའོ་ ཧྲུན་ལི་སྙིང་སྟོབས་ཀྱི་བྱ་དགའ་འབུལ་བཞེས་བྱུང་བའི་མི་སྣ་ཚོས་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། ལྷག་པར་དུ་ཞི་བའི་མི་མང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐོག་འཕྱར་གྲུ་མཉམ་འདེགས་གནང་ཐབས་སུ་འབད་བརྩོན་གནང་དགོས་པ་དང་། དེ་བཞིན་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་འགན་འཁུར་ཡོད་པ་རྣམས་ཚུལ་བཞིན་ལག་བལྟར་གནང་གི་ཡོད་མེད་ཐོག་རྟོག་ཞིབ་གནང་དགོས་པ་ཞིག་ཡིན་པ་གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་པ་གསུམ་པོ་དེས་གསལ་བསྒྲགས་ཤིག་སྤེལ་བ་དེའི་ནང་འཁོད་འདུག་ལ།  གསལ་བསྒྲགས་དེའི་ནང་མུ་མཐུད། ཚའོ་ཧྲུན་ལི་སྙིང་སྟོབས་ཀྱི་བྱ་དགའ་དེས་མི་རབས་རྗེས་མ་ཚོས་ཁོང་ལ་དྲན་གསོ་གནང་པ་དང་། ཁོང་གི་མི་ཚེའི་ལོ་རྒྱུས་ཀྱི་ཐོག་ནས་གཞོན་སྐྱེས་ཚོར་བློ་སྟོབས་འཕེལ་བའི་རེ་བ་ཡོད་ཅེས་འཁོད་ཡོད་འདུག།

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།